རང་ལུགས་ལ་བདེན་གཉིས་ཀྱི་དབྱེ་གཞིར་འཇོག་ཚུལ་གང་འདྲ་ཞིག་དགོས་སམ།
རྩོམ་བྲིས་པ། ཞང་ཚུལ་མི། དྲི་བ་གཏོང་མཁན། ཁྲོམ་དུག་སེལ།
དྲི་བ། རྗེའི་དབུ་མའི་འགྲེལ་པ་ལས། འདི་ལྟར་སྣང་བའི་གཟུང་འཛིན་གྱི་བོན་རྣམས་ཀུན་བོན་ཅན། ཁྱོད་བདེན་པ་གཉིས་ཀྱི་དབྱེ་གཞིར་འཇོག་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་རང་གི་ཀུན་རྫོབ་དང་། དོན་དམ་གཉིས་ཀྱི་གཞི་ཡིན་པའི་ཕྱིར་རོ། །ཞེས་དང་། མེ་སྟོན་གྱི་དབུ་མའི་རང་འགྲེལ་ལས། འདི་ལྟར་སྣང་བ་ཤེས་བྱ་སྤྱི་དྲིལ་བ་སྟེ། འཁོར་བའམ་མྱང་འདས་མཚན་བཅས་མཚན་མེད་ལ་སོགས་གང་རུང་རེ་གཞིར་མི་འཇོག་སྟེ། བདེན་པ་གཉིས་མི་ལྡན་པས་སོ། །ཞེས་པའི། མཁས་དབང་རྣམ་གཉིས་ཀྱི་དགོངས་དོན་གང་ཡིན་པ་དང་། རང་ལུགས་ལ་བདེན་གཉིས་ཀྱི་དབྱེ་གཞིར་འཇོག་ཚུལ་གང་འདྲ་ཞིག་དགོས་སམ།
ལན། དེ་ནི་མཁས་གྲུབ་རྣམ་གཉིས་ཀྱི་དགོངས་དོན་མི་མཐུན་པ་ཞིག་མ་རེད་སྙམ། རྗེ་ཐམས་ཅད་མཁྱེན་པས་ཀུན་རྫོབ་བདེན་པའི་བོན་ཐམས་ཅད་བདེན་གཉིས་ཀྱི་དབྱེ་གཞི་ཡིན་གསུངས་པ་ནི་གསལ་བཤད་མི་དགོས་པ་ཞིག་རེད། མེ་སྟོན་ཆེན་མོས་”འདི་ལྟར་སྣང་བའི་ཤེས་བྱ་སྤྱི་དྲིལ་སྟེ”གསུངས་པས་ཤེས་བྱ་ཡིན་པའི་ཀུན་རྫོབ་ཚང་མ་བདེན་གཉིས་ཀྱི་དབྱེ་གཞི་འཇོག་དགོས་པར་བསྟན་པ་རེད། དེ་ཡང་གསལ་པོ་ཡིན་ཏེ་”གང་རུང་རེ་གཞིར་མི་འཇོག་སྟེ་བདེན་པ་གཉིས་དང་མི་ལྡན་པས་སོ”གསུངས་པས་གོ་བ་གསལ་པོ་སྟེར་བ་རེད། དཔེར་ན་མྱང་འདས་ཀྱི་བོན་གཅིག་པུ་གཞག་ན་འཁོར་བའི་བོན་ལ་བདེན་པ་གཉིས་མི་ལྡན་པའི་སྐྱོན་འབྱུང་བ་ཡིན། མདོར་བསྡུས་ན་མེ་སྟོན་ཆེན་མོས་བདེན་གཉིས་ཀྱི་དབྱེ་གཞི་ལ་འཁོར་བའི་བོན་གཅིག་པུ་གཞག་ན་མི་འགྲིག་མྱང་འདས་བོན་གཅིག་པུ་གཞག་ན་མི་འགྲིག་གཟུགས་ནས་རྣམ་མཁྱེན་བར་གྱི་ཀུན་རྫོབ་ཀྱི་བོན་ཡོད་དོ་ཅོག་བདེན་གཉིས་ཀྱི་དབྱེ་གཞིར་འཇོག་དགོས་གསུངས་པའི་དོན་རེད། དེ་ཕྱིར་དགོངས་དོན་གཅིག་མཐུན་ཡིན་ནོ།། །།