ཡུལ་བོད་ཀ་གཡག་དྲུག་གང་ལ་ངོས་འཛིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། སྒོང་སྐྱེས།
དྲི་བ། ཏུན་ཏོང་ཡིག་རྙིང་ལས། “ཡུལ་བོད་ཀ་གཡག་དྲུག་ཏུ་བྱོན།” ཞེས་པའི་བོད་ཀ་གཡག་དྲུག་ཅེས་པ་སྐབས་དེར་བོད་ཀྱི་ས་ཆ་སྤྱི་ལ་གོ་དགོས་པ་ཡིན་ནམ། ཡང་ན་ས་ཆ་བྱེ་བྲག་སྒོས་ཚན་ཞིག་ལ་གོ་དགོས་པ་ཡིན། གལ་སྲིད་ས་ཆ་བྱེ་བྲག་བ་གཅིག་ངོས་འཛིན་ན་ད་སྐབས་ས་ཆ་དེ་གང་ལ་ངོས་འཛིན་དགོས་པ་ཡིན་ནམ།
ལན། འདིའི་སྐོར་ལ་ལོ་རྒྱུས་ཡིག་ཆ་ཁག་ནས་འགའ་ཞིག་གླེང་ཡོད་པ་དཔེར་ན། (ཆོས་འབྱུང་མཁས་པའི་དགའ་སྟོན།) ལས། “བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁམས་ཉ་དྲུག་ཟེར།” ཞེས་དང་།
(ལྡེའུ་ཆོས་འབྱུང་)ལས། “བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར།” ཞེས་དང་། (ཏུན་ཧོང་ཡིག་རྙིང་དུ་) “གནམ་མཐའ་འོག་གི་རྗེ་བོ་མཛད་པའི་ཕྱིར། …. རྟ་འགྱོགས་སུ་འཕེལ་བའི་ཡུལ། བོད་གཡག་དྲུག་གི་རྗེར་གཤེགས་སོ།” ཞེས་སོགས་དང་། (གླེང་གཞི་བསྟན་པའི་བྱུང་ཁུངས་)ལས། “དེ་ནས་མ་སངས་ཀྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བོད་ཀ་གཡག་དྲུག་ཏུ་བཏགས་སོ། །” ཞེས་དང་། ད་དུང་(བོན་ལུགས་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ།) ལས། “ཀྱེ་རྗེ་ཉག་རི་བཙད་པོ་ལགས། ཡུལ་ཀ་གཡག་དྲུག་གི་ས་མ་གི་ན། བོན་འབངས་ཕ་དགུ་ནི་རྗེ་མི་བཞུགས།” སོགས་བཤད་ཡོད་པར་བརྟག་ན་གོང་གི་ཐ་སྙད་དེར་“བོད་ཁམས་ཉ་དྲུག” དང་། “བོད་ཁམས་གཡང་དྲུག” ”བོད་ཁམས་གཡག་དྲུག་” སོགས་མི་འདྲ་བར་སྣང་ཡང་། དོན་དུ་སྐབས་དེར་བོད་ཁམས་ཞེས་པ་ནི་ཡུལ་ཡར་ལུང་ལྷོ་ཁུལ་ཙམ་ལ་ཟེར་བ་མིན་ནམ་སྙམ། རྒྱུ་མཚན་ནི། མ་སངས་ཀྱིས་དབང་བསྒྱུར་སྐབས་བོད་ཁམས་ཞེས་པ་ནི་ཚོ་བའམ་ཡུལ་ཕྲན་ཞིག་ལ་གོ་དགོས་པ་ལས་དེང་བོད་ཁམས་ལྟ་བུར་རྒྱ་ཆེན་པོ་ཞིག་ལ་གོ་བ་ལེན་རྒྱུ་མེད་པར་མཁས་པ་རྣམས་ཀྱིས་བཞེད་ཀྱིན་ཡོད། །