འོལ་མོ་ལུང་རིངས། བར་པོ་སོ་བརྒྱད། ཤམ་པོ་ལྷ་རྩེ་སོགས་ཀྱི་དོན་གང་ཡིན།
དེ་ཡང་མཛད་མདོ་འབྲིང་པོ་གཟེར་མིག་ལས། ” ཡང་སྲས་ཀྱིས་ཡབ་ལ་ཞུས་པ། (སྲས་གཏོ་བུ་འབུམ་སངས་ཀྱིས་ཡབ་སྟོན་པ་གཤེན་རབ་ལ་ཞུས་པ།) འོ་སྐོལ་བཞུགས་མཆིས་ཡུལ་གྱི་གླིང་སྐོར་འདི། ཀུན་ཀ་བཤད་ཀྱང་བཤད་ཀྱིས་མི་ལངས་ན། འོལ་མོ་ལུང་རིངས་བྱ་བ་ཅིའི་ཕྱིར་ན་འོལ་མོ་ལུང་རིངས་ལགས། བར་པོ་སོ་བརྒྱད་བྱ་བ་ཅིའི་ཕྱིར་ན་བར་པོ་སོ་བརྒྱད་ལགས། ཤམ་པོ་ལྷ་རྩེ་བྱ་བ་ཅིའི་ཕྱིར་ན་ཤམ་པོ་ལྷ་རྩེ་ལགས། དེ་སྐད་ཅེས་ཡབ་ལ་ཞུས་སམ་གསོལ་པས།
དེ་ལ་ཡང་ཡབ་ཀྱིས་བཀའ་བསྩལ་པ། འོལ་ནི་སྐྱེ་བ་མེད་པས་འོལ། མོ་ནི་འདོད་པ་འབྱུང་བའི་མོ། ལུང་ནི་བཀའ་ལུང་སྟོན་པས་ལུང་། རིངས་ནི་ཐུགས་རྗེ་བསྲིང་པས་རིངས། དེའི་ཕྱིར་ན་འོལ་མོ་ལུང་རིངས་སོ། །
མ་རིག་རིག་པར་བསྟན་པས་བར། རིག་པས་མ་རིག་བོ་བས་པོ། དགེ་སྡིག་སོ་བ་བྱེད་པས་སོ། རྣམ་ཤེས་སྐྱོན་བརྒྱད་སྤངས་པས་བརྒྱད། དེའི་ཕྱིར་བར་པོ་སོ་བརྒྱད་དོ། །
ངེས་པའི་དོན་ལ་དགོངས་པས་ཤམ། འཁོར་བའི་སྡུག་བསྔལ་སྤངས་པས་པོ། མ་ནོར་དོན་ལ་ངེས་པས་ལྷ། ཐུན་མོང་མ་ཡིན་པས་སུ་རྩེ། དེའི་ཕྱིར་ན་ཤམ་པོ་ལྷ་རྩེའོ། །དེ་སྐད་ཅེས་བཀའ་བསྩལ་ཏོ། ། ” ཞེས་སོ།།