འོར་མོ་ཁུང་དུ་གཤེགས་ཁ་མ་ཞེས་པའི་དོན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཨཿ たら ちん
དྲི་བ། འོར་མོ་ཁུང་དུ་གཤེགས་ཁ་མ་ཞེས་པའི་དོན་གང་ཡིན་ནམ།
ལན། རྫོགས་པ་ཆེན་པོ་ལུང་དྲུག་ལས། “ཚིག་གི་ཐ་སྙད་དག་ཐོས་ནས། །སྤྱོད་པ་རླང་པོ་བྱེད་པ་དེ། །དེ་ནི་སྲིན་པོ་མི་རྐུན་ཡིན། །འོར་མོ་ཁུང་དུ་གཤེགས་ཁ་མ། །” ཞེས་གསུངས་པ་ལྟར། དེའི་འགྲེལ་བ་རྫོགས་ཆེན་ལུང་དྲུག་གི་འགྲེལ་ལས། “གཉིས་པ་སེམས་ལས་མ་གཏོགས་པའི་དོན་མེད་པར་བསྟན་པ་ནི། ཚིག་གི་ཐ་སྙད་ཅེས་པ། བོན་ཉིད་དམ་བྱང་ཆུབ་སེམས་ཀྱི་དོན་མ་རྟོགས་པར། ཚིག་གི་ཕྱིར་འབྲེངས་ནས་རྫོགས་ཆེན་པ་ཡིན་ཟེར་བ་དེའམ། སྤྱོད་པ་གླང་པོ་ཞེས་པ། ཡང་ན་སྤྱོད་པ་ཅི་མིན་སྣ་ཚོགས་པའི་ལས་བྱེད་པ་དེ་ནི། སོ་སོ་སྐྱེ་བོ་དང་འདྲ་སྟེ་གོལ་བའོ། །སྲིན་པོ་མི་ཞེས་པ། དེ་ནི་དཔེར་ན་སྲིན་པོས་མི་རྐུན་ནས་གསོད་པ་དང་འདྲ་སྟེ། སེམས་ཅན་གྱི་སངས་རྒྱས་སྐུས་ཞེས་བྱ་སྟེ། འོར་མོ་ཞེས་པ། སླར་དམྱལ་བ་མནར་མེད་པར་གཤེགས་སུ་གསོལ་པ་ལ་བྱའོ།།” ཞེས་གསུངས་པས་སོ།། སྤྱིར་བཏང་ཚིག་དེ་དང་འབྲེལ་ནས་བཤད་པའི་བརྗོད་པ་མང་ལ། དཔེར་ན་རྫོགས་པ་ཆེན་པོ་རྒྱུད་བུ་ཆུང་བཅུ་གཉིས་ལས། ” དེ་མ་རྟོགས་པའི་སེམས་ཅན་རྣམས། །ལས་ཀྱི་སྒྲིབ་པས་ཀུན་འགྲིབ་པས། །འཕྲུལ་འཁོར་འོར་མོའི་ཁུངས་ལྟའི་སེམས་སུ་གནས། །འོད་པ་དྲུག་(འདོད་པ་དུག་)གི་འཕྲུལ་འཁོར་ལྟ་བའི་སེམས་ཀྱི་དག” །ཅེས་པའི་སྐབས་ཀྱི་འཕྲུལ་འཁོར་གསུངས་པ་ནི་འཁྲུལ་འཁོར་ཡིན་པ་མིན་ནམ་སྙམ་སྟེ། གཤམ་ནས་རིག་པའི་སེམས་ཉིད་དེ་མི་རྙེད་མཁན་འགའ་ཞིག་བགྲང་པའི་སྐབས་སུ། གོང་གི་གཞུང་ལས། “གཉིས་ལྟ་གསེར་བོང་སེམས་ཀྱིས་དེ་མི་རྙེད། །འཕྲུལ་འཁོར་མི་ཡི་སེམས་ཀྱི་(ཀྱིས)དེ་མི་རྙེད། །འདོད་པ་དུག་གི་སེམས་ཀྱིས་དེ་མི་རྙེད།” །ཅེས་འཁོར་བར་འཁྲུལ་བཞིན་པའི་མི་ཡི་སེམས་ཀྱིས་རིག་པ་དེ་ཉིད་མི་རྙེད་པའི་དོན་བསྟན་པས་དེས་ན་ཅུང་ངེས་སླ།།