འཛམ་གླིང་མཁས་པའི་རྒྱན་དྲུག་ཅེས་པ་བོན་གང་དང་གང་ལ་མཁས་པ་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གུང་སངས།
དྲི་བ། འཛམ་གླིང་མཁས་པའི་རྒྱན་དྲུག་ཅེས་པ་བོན་གང་དང་གང་ལ་མཁས་པ་ཡིན་ནམ།
ལན། སྤྱིར་ཡ་ཐོག་ཞང་བོད་ཀྱི་ཕ་ནོར་གཡུང་དྲུང་བོན་ལ་མཁས་པའི་སྐྱེས་བུ་ས་ཆེན་ལེབ་མོ་ཡོངས་སུ་ཁེབས་པ་ཙམ་བྱོན་པའི་ནང་ནས། དམིགས་སུ་བཀར་བ་འཛམ་གླིང་མཁས་པའི་རྒྱན་དྲུག་དེ་དག་སོ་སོ་ལ་ཕུལ་བྱུང་བའི་མཁྱེན་ཡོན་རེ་ཡོད་འདུག་སྟེ། རྟག་གཟིགས་ཀྱི་མཁས་པ་དམུ་ཚ་ཏྲ་ཧེ་དང༌། ཞང་ཞུང་ལ་མཁས་པ་ཁྲི་ཐོག་སྤར་ཙ། སུམ་པ་ལ་མཁས་པ་འགུ་ཧུ་ལི་སྤར་ཡ། རྒྱ་གར་མཁས་པ་ལ་ལྷ་བདག་སྔགས་གྲོལ། རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་ཞེས་གསུངས་ཡོད་ཀྱང་།
བོན་གཞུང་ (བྱམས་མ)ལས་ཅུང་ཙམ་ཁ་གསལ་དང་མཚན་མི་འདྲ་བ་འགའ་འདུག་སྟེ་དཔེར་ན། “དེ་ནས་རྒྱལ་ཐོ་རི་ལུང་བཙན་ཡན་ཆད་བར་གྱི་བཙན་ལྔའི་རིང་ལ་གཡུང་དྲུང་བོན་གྱི་བསྟན་པའི་ཉི་མ་ཤར། མཁས་པའི་ལོ་པཎ་གྱི་འོད་ཟེར་བཀྱེས། གདུལ་བྱ་འགྲོ་བའི་བློ་མུན་བསལ་བས་འཛམ་བུ་གླིང་གི་རྒྱན་ཆེན་པོ་དྲུག་ཅེས་བྱ་བ། སྟག་གཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ་ནི་རིག་གནས་ལྔ་ཀ་ལ་མཁས། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་དྲོ་ནི་ནང་རིག་པ་ལ་མཁས། རྒྱ་ནག་གི་མཁས་པ་ལེགས་བཏང་རྨང་པོ་ནི་ཕྱི་རིག་པ་ལ་མཁས། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་ནི་གསོ་བ་རིག་པ་ལ་མཁས། ཞང་ཞུང་གི་མཁས་པ་ཙོ་མིན་གྱེར་རྒྱུང་ནི་སྒྲ་རིག་པ་ལ་མཁས། བོད་དང་མི་ཉག་གི་མཁས་པ་ནམ་ར་ཅོ་ཀི་ནི་སྲིད་པའི་རྒྱུད་ལ་མཁས།” ཞེས་གསུངས་པས་གོང་མ་རྣམས་ནི་གདུང་འཚོབ་མུ་ཆོ་ལྡེམ་དྲུག་གིས་བོན་རྣམས་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ནས་བཀའ་འཁོར་གནང་སའི་སྐབས་བབ་ཀྱི་འཛམ་གླིང་རྒྱན་དྲུག་ཅེས་པ་དེ་དག་དང་། ཕྱི་མ་དེར་ཅུང་མི་འདྲ་བ་ཞིག་བྱུང་བ་ནི་བོད་རྒྱལ་རིམ་བྱོན་སྐབས་སུ་མིན་ནམ་སྙམ། །