འཕན་ཡུལ་རྒྱས་པ་འབུམ་ཞེས་པའི་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་བདུན་པ། 17, 2017
ལན་འབུལ་མཁན། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཁྲི་སྤྲེལ་སླག
དྲི་བ། རང་ལུགས་ཀྱི་བོན་གཞུང་ནང་དུ་འཕན་ཡུལ་རྒྱས་པ་འབུམ་ཞེས་པའི་འཕན་ཡུལ་ནི་ “རྒྱས་པའི་དོན་ཡིན་” ཞེས་གསུངས་ཡོད་ས་མཁྱེན་མཁན་རེ་ཡོད་ན་དེའི་སྐོར་ནས་གསུང་ལན་ཞིག་ཡོད་པར་ཞུ།
ལན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་ནི་སྟོན་པས་བསྟན་པ་སྤེལ་བའི་མཛད་པ་སྐབས་སུ་ཕུན་སུམ་ཚོགས་པ་ལྔ་ཡི་སྒོ་ནས་གསུངས། དེའང་སྟོན་པ་ནི་བརྒྱ་པའི་མགོན་པོ་གཤེན་རབ་ཉིད། གནས་ནི་གྲོང་ཁྱེར་ལང་ལིང་གི་དབུས། ཁོར་ནི་ཤར་ཕྱོགས་འབྱུང་བ་མེའི་བོན་པོ་འོད་ཀྱི་ལྕང་ལོ་ཅན་ལ་སོགས་པ་འབྱུང་བའི་གཤེན་བོན་པོ་བཞི་། དུས་ནི་སྐྱེ་བ་བཞེས་ནས་ཡུན་རིང་པོ་མ་ལོན་པའི་དུས། བཀའ་ནི་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་ཏེ། དེ་ཡང་ཐེག་པ་ཆེན་པོའི་མདོ་དང་ཐེག་པ་ཆུང་ངུའི་མདོ་སྡེ་གཉིས་ཀ་གསུངས་པ་དང་མཛོད་ཀྱི་བོན་ཀྱང་དེའི་དུས་སུ་གསུངས་པར་ཁམས་འགྲེལ་ལས་གསུངས། འོན་ཀྱང་ཐེག་པ་ཆེན་པོ་ཤེལ་ཕྱིན་གྱི་འབུམ་ལ་འཕན་ཡུལ་ཞེས་བཏགས་པ་བ་ལས་འཕན་ཡུལ་དངོས་མིན་པ་ཡང་ཁམས་འགྲེལ་རང་ལས་གསུངས།
དེའང་དེ་ཉིད་ལས། “ རྒྱས་པ་འབུམ་གྱི་བོན་དེ་ཡང་འཕན་ཡུལ་གྱི་སྡེ་ཡིན་ཞེས་བཏགས་པ་སྟེ། ” ཞེས་སོགས་ནས། “ འཕན་ཡུལ་གྱི་བོན་སྒོ་ཡང་བློ་ཐ་མའི་བོན་ཡིན་ལ། མདོ་སྟོང་ཕྲག་བརྒྱ་པ་འདི་ཡང་བརྗོད་བྱ་ཐེག་པ་ཆེན་པོ་སྟོན་ཡང་སྟོན་ལུགས་ཚིགས་བཅད་དུ་སྤྲོས་ནས་སྟོན་པ་བློ་དམན་པའི་སྟོན་ལུགས་དང་འདྲ་བས་འདི་ལ་ཡང་འཕན་ཡུལ་གྱི་བོན་སྡེ་ཡིན་ནོ་ཞེས་བཏགས་པ་སྟེ། ” ཞེས་སོགས་ནས། “ གཉིས་པ་བཏགས་པའི་དགོས་པ་ནི། འོ་ན་རྒྱས་པ་འབུམ་ཐེག་པ་ཆེན་པོའི་ལྟ་བ་ལ་འཕན་ཡུལ་གྱི་སྡེ་རུ་བཏགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ནི་མདོ་སྡེ་ཟབ་མོ་ཐེག་པ་ཆུང་ངུ་ཞེས་མིང་གིས་བཏགས་པ་སྟེ། ཐེག་པ་ཆུང་ངུའི་རྟེན་གྱི་གང་ཟག་ལ་ཐོས་པ་ལ་སོགས་པ་རིམ་གྱིས་འཇུག་པར་གྱུར་ན། དེ་ལ་ཞུགས་པའི་སྟོབས་ཀྱིས་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་པའི་ཕྱིར་དགོས་པ་ཤིན་ཏུ་ཆེ་བར་རིག་པར་བྱའོ། ། ” ཞེས་སོགས་གསུངས་སོ། །
སྤྱིར་བཏང་འཕན་ཡུལ་གྱི་བོན་སྡེ་ནི་གཙོ་བོ་འདོན་ཀློག་མཆོད་སྦྱིན་གྱི་བོན་རྣམས་ཡིན་ཏེ། མདོ་གཟེར་མིག་ལས། “ འཕན་ཡུལ་ཀློག་གིན་མཆོད་སྦྱིན་བོན་ལ་ཁྲི་སྡེ་དགུ་དང་འབུམ་སྡེ་བདུན་དུ་སངས་པོས་གླེགས་བམ་དཀར་ལ་ཡི་གེ་ནག་ཏུ་བྲིས། ཕྱི་རབས་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་བཞག ” ཅེས་སོགས་ཀྱིས་མཚོན་རང་གཞུང་རྣམས་སུ་མང་དག་ཅིག་ཡོད།
གུས་པའི་བསམ་ཚུལ་ནི། འདིར་འཕན་ཡུལ་རྒྱས་པ་འབུམ་ཞེས་པའི་ “ རྒྱས་པ་ ” ནི་ཤེལ་ཕྱིན་གྱི་འབུམ་སྡེ་གཙོ་བོར་གོ་དགོས་པ་འདུག་སྟེ། འཕན་ཡུལ་རྒྱས་པ་འབུམ་གྱི་སྐབས་སུ་ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པའི་ཐེག་པ་ཆེན་པོའི་མངོན་རྟོགས་ལམ་གྱི་རིམ་པའི་བོན་སྡེ་རྒྱས་པར་བྱུང་བ་དང་། དེའང་འབུམ་སྡེ་དེ་དག་རྒྱས་པ་ཞེས་པའི་སྒྲ་ཡང་འཇུག་གིན་ཡོད་པ་ནི། (རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ་ཡན་ལག་བརྒྱད་པ་) ལས། “ ནང་རྒྱུད་འཕན་ཡུལ་གཙང་དག་སྒོ། །སྒྲིབ་སྦྱང་ཚོགས་རྫོགས་བོན་དུ་གསུངས། །རྒྱས་པ་འབུམ་གྱི་བོན་སྐོར་དང། །རྒྱས་པ་མཆོད་སྦྱིན་གཉིས་སུ་དབྱེ། ། ” ཞེས་དང་།
འགྲོ་མགོན་རིན་པོ་ཆེས་སྲིད་པའི་མཛོད་ཕུགས་དེ་ཉིད་ཐེག་པ་གང་གི་ཁོངས་སུ་གཏོགས་ཚུལ་གསུངས་སྐབས། ཉིད་ཀྱི་(སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ་) ལས། “ འོན་ཀྱང་ཤས་དྲང་སྲོང་དུ་ཆེ་སྟེ། དེའི་རྒྱུ་མཚན་མཚན་ཉིད་ཀྱི་བོན་ཡིན་པས་དང་། འཕན་ཡུལ་དང་སྒོ་མཐུན་པས་དང་། རྒྱས་པ་འབུམ་དང་བབས་མཐུན་པའི་ཕྱིར་རོ། ། ” ཞེས་འཕན་ཡུལ་དུ་བཏགས་པའི་འབུམ་ལ་ “ རྒྱས་པ་འབུམ་ ” ཞེས་སོགས་གསུངས་པ་དང་།
གླེང་བཞིན་པའི་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་ལས་འབུམ་སྡེ་ཆེས་མང་པོ་ཞིག་བྱོན་པ་ནི། (མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན་) ལས། “ འཕན་ཡུལ་འབུམ་ལ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ། ཡེ་གཤེན་བཀོད་པ་དོན་གྱི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་ཡི་འཚོ་འབུམ་ཁྲ་བོ། རྣམ་རྒྱལ་སྨན་འབུམ་དཀར་པོ། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་དཀར་པོ་ལས་སོགས། འབུམ་སྡེ་བདུན་དང་། ཁྲི་སྡེ་དགུའི་ནང་ནས། སྤྱོད་པའི་རྫོང་འཕྲང་བཏུས་སོ། །” ཞེས་སོགས་མང་ངོ་། །
དེ་དང་འདྲ་བར་གོང་སྨྲས་འཕན་ཡུལ་འབུམ་སྐབས་སུ་ཁམས་འགྲེལ་ལས་ཀྱང་། “ རྒྱས་པ་འབུམ་གྱི་བོན་ནི་དོན་ལ་རྒྱས་ཤིང་བསྡུས་པས་འབུམ། འཕན་ཡུལ་སྡེ་རུ་བྲིས་ནས་ཟངས་ཀྱི་གླེགས་བམ་ནང་དུ་བཅུག ” ཅེས་པ་ལྟ་བུའི་ཤེལ་ཕྱིན་གྱི་འབུམ་སྡེ་ལ་རྒྱས་པ་འབུམ་ཞེས་བརྗོད་པས་ལས་འཕན་ཡུལ་ཞེས་པའི་དོན་ནི་རྒྱས་པ་ལ་འཇུག་ཚུལ་གྱི་གནད་ཅིག་ད་བར་མཇལ་མ་སོང་། ཡིན་ནའང་གཡུང་དྲུང་བོན་གྱི་རྒྱ་མཚོའི་གཏིང་ཟབ་ཡིན་སྟབས་ད་དུང་དུས་ཁོམ་སྐབས་སུ་འཚོལ་ཆོག་ཞུ།