འཇིག་རྟེན་གྱི་བརྟན་མ་བཅུ་གཉིས།
ལག་བསྟར་བ། དོ་དམ་པ། · ཟླ་བརྒྱད་པ། 16, 2017
ལན་གནང་མཁན། ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས། དྲི་བ་གཏོང་མཁན། གསེར་གཞུང་བྱམས་པ།
དྲི་བ། ཞང་བོད་མགུར་ལྷ་བཅུ་གསུམ་དང་། བརྟན་མ་བཅུ་གཉིས་རྣམས་ད་ལྟའི་བོད་ཡུལ་ས་གནས་རྫོང་ཁག་གང་གི་ཁུལ་དུ་ཡོད་པ་ངོ་སྤྲོད་རེ་གནང་རོགས། ད་དུང་འདི་དག་བན་བོན་བར་མིང་དང་ངོས་འཛིན་གནང་སྟངས་མི་འདྲ་བ་ཡོད་དམ།
ལན། སྐུ་ཉིད་ཀྱི་བཀའ་དྲི་ལས་མགུལ་ལྷ་བཅུ་གསུམ་སྐོར་ཁ་གསལ་འདིར་གནོན་ནས་གཟིགས་རོགས། དེ་མིན་བརྟན་མ་བཅུ་གཉིས་སྐོར་གཤམ་གསལ་ལྟར་ཡིན།
སྤྱིར་སྲིད་རྒྱལ་ཐུགས་ལས་སྤྲུལ་པའི་དབལ་མོ་ཉི་རྩ་བདུན་དང་ཡང་སྤྲུལ་འཇིག་རྟེན་གྱི་བརྟན་མ་བཅུ་གཉིས་ཞེས་བོན་གྱི་ལོ་རྒྱུས་ཁག་ལ་ཡོངས་སུ་གྲགས་མོད། འོན་ཀྱང་བན་བོན་ཁག་གི་ཡིག་ཆའི་ནང་དུ་འཇིག་རྟེན་བརྟན་མ་བཅུ་གཉིས་རྩི་ལུགས་ཏོག་ཙམ་མི་འདྲ་བ་མང་པོ་ཡོད་ཅིང་བོན་པོ་ལའང་མི་འདྲ་བ་འགའ་ཤས་ཡོད་པ་ཡིན། འདིར་ཆེས་རྙིང་གྲས་ཀྱི་དཔེ་ཆ་ << འབེན་ཚོགས་ལྷ་ཡི་བཀའ་ཟློག་ >> འདི་ཉིད་ནི། ཧྲི་པ་གྱེར་མེད་དང་། རྒྱུང་ཡར་བླ་ཆེན་ཁོད་སྤུངས་དང་། སྟང་ཆེན་དམུ་ཚ་གྱེར་མེད་གསུམ་གྱིས་ཕྱི་རབས་ཀྱི་གཤེན་པོ་རྣམས་དང་། མི་སྨྲ་གཤེན་གྱི་དོན་དུ་དབལ་གཏོར་གསང་བའི་འབན་ཚོགས་ཟློག་པ་འདི་གསུངས་སོ། །ཞེས་གསུངས་པས་ལོ་རྒྱུས་ཡུན་རིང་ལྡན་ཞིང་རྩི་སྟངས་བོན་དཔེ་ཡ་ཟུང་ཙམ་ལས་གཞན་བོན་དཔེ་ཕར་ཆེ་བའི་བརྟན་མ་བཅུ་གཉིས་ཀྱི་རྩི་སྟངས་འདི་ལྟར་དུ་ཡིན་སྟབས། བརྟན་མ་བཅུ་གཉིས་ཀྱི་གོང་རིམ་འདི་ལྟར་བྱས་ཏེ་ད་ལྟའི་གནས་ཡུལ་རྙེད་ཚོད་དེ་ཟིན་བྲིས་སུ་འགོད་ཅི་ཐུབ་བྱས་ནས་ཕྱིས་སུ་དཔྱད་གཞི་ལ་ཕན་ཅུང་ཐོག་ནས་སྙམ་པ་ཡིན།
དང་པོ་ཕྱོགས་བཞིའི་སྨན་བཙུན་ཆེ་བཞི་ནི།
༡) ཤར་གྱི་རྐོང་བཙུན་དེ་མོ་ཉི་འོད་སྨན་གཅིག་མ་ནི། འབེན་ཚོགས་ལྷ་ཡི་བཀའ་ཟློག་ལས། “ ཤར་གྱི་རྐོང་བཙུན་དེ་མོ་འབོད། །གསང་མཚན་ཉི་མའི་འོད་འགྱེད་མ། །” ཞེས་དང་།
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ནི་རྐོང་ཡུལ་བྲེ་སྣ་ན། །སྲིང་ཅིག་རྐོང་བཙུན་དེ་མོ་འབོད། །” ཅེས་དང་། མདོ་དྲི་མེད་ལས། “ ཡར་ལ་གཤེགས་ཁར་དགུང་གཅིག་བོན་རི་ཆེན་པོ་ལ་ཞེས་དང་། ཀོང་བཙུན་ལྷ་མོ་དམ་ལ་བཏགས་ནས་བསྟན་པའི་སྲུང་མར་གཞག་གོ །ཀོང་བཙུན་ལྷ་མོས་གཡུ་ཤུག་དྲུང་གཅིག་སྟོན་པ་ལ་ཕུལ་བས། སྟོན་པས་ཀྱང་མི་འགྱུར་བའི་བཀའ་རྟགས་སུ་གཞག་གོ །” ཞེས་གསུངས་པ་དེ་ཀོང་པོ་ཉིང་ཁྲི་རྫོང་ཁོངས་ཀོང་ཡུལ་བྲེ་སྣ་དང་དེ་མོ་ཁུལ་ཡིན་པ་ཡོངས་གྲགས་ཡིན།
༢) གཉིས་པ་བྱང་གི་ཀ་ག་གསེར་ཐང་གཡུའི་ཡི་གེ་སྨན་གཅིག་མ་ནི། འབེན་ཟློག་ལས། “ བྱང་གི་ཀ་ག་གསེར་མོ་ཐང་། །གསང་མཚན་གསེར་ཐང་ཡི་གེ་མ། །” ཞེས་དང་།
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ནི་བྱང་ཡུལ་བྱང་སྟོད་ན། །བྱང་གི་ཀ་ག་གསེར་མོ་ཐང་། །” ཞེས་དང་། བོད་ཡུལ་གནས་ཀྱི་ལམ་ཡིག་ལས། “ འོལ་ཕོའི་བྱང་དུ་ཅུང་ཞིག་ཕྱིན་ན་འོམ་མོ་ཞེས་པའི་ལུང་པ་དང་འཕྲད། དེ་ནས་ཕར་དུ་བལྟས་པའི་བྱེ་མའི་སྒས་ཆེན་པོ་མཐོང་ས་དེར་ཐག་རིང་གི་རི་རྩེ་ནས་དཔྱིད་ཀར་བལྟས་ན་རྩྭ་ཡི་སྐྱེ་སྟངས་ཀྱི་རི་མོ་ཀ་ཁ་སོགས་གསལ་བར་མཐོང་ཟེར། དེ་ནི་བརྟན་མ་བཅུ་གཉིས་ཀྱི་ནང་ཚན་བྱང་གི་ཀ་ཁ་གསེར་མོ་ཐང་ཞེས་པ་དེ་ཡིན་པར་གྲགས། །” ཞེས་གསུངས་པས། ད་ལྟ་ཉི་མ་རྫོང་འོམ་བུ་ཤང་དྭང་ར་གཡུ་མཚོའི་བྱང་ངོས་སུ་ཡོད་པ་གོ་སླའོ། །
༣) ནུབ་ཀྱི་ལྷ་རི་ཡ་མ་སྐྱོལ་ཁུག་ཆོས་དབྱར་མོ་བསིལ་ནི། འབེན་ཟློག་ལས། “ ནུབ་ཀྱི་ལྷ་རི་ཡ་མ་སྐྱོལ། །གསང་མཚན་ཁུག་ཆོས་དབྱར་མོ་བསིལ། །” ཞེས་དང་།
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ནི་སེ་ཤད་དེ་གྲོང་ན། །སྲིང་ཅིག་ཁུག་ཆོས་དབྱར་མོ་བསིལ། །” ཞེས་དང་། སྣང་ཞིག་ཟླ་བ་རྒྱལ་མཚན་རྣམ་ཐར་ལས། “ ཇོ་མོ་ལྷ་རི་དབྱར་མོ་སིལ་སྲིང་མོའི་ཚུལ་དུ་གང་བཅོལ་སྒྲུབ་པ་སོགས་རྟགས་དུ་མ་ལྡན་ནོ། །” ཞེས་དང་། ཆོས་འབྱུང་མེ་ཏོག་སྦྲང་རྩི་ལས། “ དེ་ནས་མར་བྱོན་པ་དང་། བྲིན་ཆུ་དབར་གྱི་སོ་མཚམས་ཀྱི་ལྷ་སྲིན་བཀྲ་ཤིས་ཚེ་རིང་མ་བཏུལ་ནས་དམ་ལ་བཏགས་ཏེ་མིང་ཡང་བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མར་བཏགས་སོ། །” ཞེས་ལྷོ་གྲོ་མོ་རྫོང་ཕག་རི་གྲོང་བརྡལ་གྱི་ཁོངས་སུ་ཇོ་མོ་ལྷ་རི་ཞེས་པ་ཡང་ཡོད་མོད། གོང་དུ་ “ ནུབ་ཀྱི་ལྷ་རི་ཡ་མ་སྐྱོལ། །གསང་མཚན་ཁུག་ཆོས་དབྱར་མོ་བསིལ། །” ཞེས་གསུངས་པས་བལ་བོད་མཚམས་དིང་རིའི་ལྷོ་ངོས་སུ་ཡོད་པའི་མིང་གི་རྣམ་གྲགས་གངས་རྒྱལ་མོ་མཐོན་མཐིང་། ཇོ་མོ་བཀྲ་ཤིས་ཚེ་རིང་མ། ཇོ་མོ་བླ་རི། ཇོ་མོ་གླང་མ་ཞེས་དེ་ཡིན་པར་འདོད་དོ། །
༤) ལྷོ་ཡི་སྐྱི་འཐིང་ཡ་མ་སྐྱོལ་གཡུའི་སྨན་གཅིག་མ་ནི། འབེན་ཟློག་ལས། “ ལྷོ་ཡི་སྐྱི་མཐིང་གཡའ་མ་སྐྱོལ། །གསང་མཚན་ལྷོ་སྨན་ཉག་གཅིག་མ། །ཕྱོགས་བཞིའི་སྨན་བཙུན་ཁྱེད་བཞི་ཡང་། །” ཞེས་དང་།
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ཅིག་ལྷོ་ཕུག་དེལ་སྙིང་ན། །སྲིང་ཅིག་སྐྱི་འཐིང་གཡའ་མ་སྐྱིལ། །ཞེས་དང་། ཕུར་པའི་གཏེར་བདག་དྲུག་གི་བསྐུལ་བ་ལས། “ ཡུལ་ལ་མིང་དང་མཚན་གསོལ་བ། །རླུང་དང་རྒྱ་མཚོ་འཁྱིལ་བ་ལ། །མཁར་ལ་མིང་དང་མཚན་གསོལ་བ། །མཚོ་རོག་སྔོན་མོ་གཡུ་ཡི་མཁར། །དེ་འདྲའི་མཁར་གྱི་ནང་ཤད་ན། །ཕ་ནི་གཤིན་རྗེ་མི་ཟན་དང་། །མ་ནི་མཚོ་བདག་ཀླུ་ཡི་ལྕམ། །” ཞེས་དང་། “ དམིགས་པའི་ཡུལ་དང་བཞུགས་པའི་མཁར། །ལྷོ་བྲག་ཁམས་སྟེང་དཀོར་བདག་མཛད། །ཁྱོད་ལ་མིང་དང་མཚན་གསོལ་བ། །སྐྱི་ཐིང་ཡ་མ་མཐུ་མོ་ཆེ། །” ཞེས་སྔར་བྲུ་འདུལ་བ་རྒྱལ་མཚན་གྱི་སྒྲུབ་གནས་དེང་ལྷོ་བྲག་རྫོང་ལྷ་ཁང་ཤང་ཁོངས་ལྷོ་བྲག་ཁོ་ཐིང་དང་ལྷོ་བྲག་མཁར་ཆུའི་རྒྱབ་རི་ཡིན།
གཉིས་པ་མ་བཙུན་ཆེན་མོ་བཞི་ནི།
༥) གངས་དཀར་ཤ་མེད་གཉན་གྱི་གངས་རུམ་སྨན་གཅིག་མ་ནི། འབེན་ཟློག་ལས། “ གངས་དཀར་གཉན་གྱི་ཤ་མེད་མ། །གསང་མཚན་གངས་རུམ་སྨན་གཅིག་མ། །” ཞེས་དང་།
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ནི་གཙང་ཡུལ་གཙང་སྟོད་ན། །སྲིང་གཅིག་གངས་དཀར་ཤ་མེད་མ། །” ཞེས་དང་། གཡར་རུའི་ཨ་ཁྲིད་རྣམ་ཐར་ལས། “ གཏེར་བྱང་ལས། སྟོང་རྒྱུང་ཐུགས་སྤྲུལ་གཡུང་དོན་གསལ་ལས། ལྷ་རི་གནས་ཀྱི་བྱང་གི་ཕྱོགས།ཤ་མེད་གངས་དཀར་ལྷོ་ཡི་ཕྱོགས། རི་བོ་ཆེ་ཡི་ཤར་གྱི་ཕྱོགས། རྡོར་ལེགས་གནས་ཀྱི་ནུབ་ཀྱི་ཕྱོགས། །” ཞེས། འདི་བྲུ་མཚུངས་མེད་བསོད་བློའི་འཁྲུངས་གནས་གཡས་རུ་དབེན་ས་ཁ་ཡིན་ཞིང་། དེ་ནི་ཤ་མེད་གངས་དཀར་གྱི་ལྷོ་ཕྱོགས་སུ་ཡོད་པར་གསུངས་པ་དང་། སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལས། “ བོད་ཀྱི་མགུལ་ལྷའི་གཙོ་བོ་སྟེ། །” ཞེས་དང་། “ ཨེ་མ་གངས་དཀར་ཐང་ལྷའི་རི། །” ཞེས་དང་། “ གཉན་ཆེན་ཐང་ལྷའི་འཁོར་ཚོགས་ནི། །” ཞེས་དང་། “ ཇོ་མོ་ཤ་མེད་གངས་དཀར་དང་། །ལྕམ་མོ་འབྲི་ལྷ་གངས་དཀར་སོགས། །གངས་དཀར་རི་བོ་ཚར་དངར་བ། །” ཞེས་གསུངས་པ་དང་། དུང་དཀར་ཚིག་མཛོད་དང་། ས་སྐྱ་ངག་ཀུན་བློ་གྲོས་ཀྱིས་མཛད་པའི་བརྟན་མའི་མཆོད་ཚུལ་ལའང་དེ་ལྟར་བཞེད་པས་བན་བོན་གཉིད་ཀ་ཡོངས་གྲགས་ལྟར་འདུག་པས། དེ་ནི་གཉན་ཆེན་ཐང་ལྷའི་རི་རྒྱུད་གཙང་འོ་ཡུག་གི་ཕུ་རྣམ་གླིང་རྫོང་ཤངས་ཀྱི་ལྷ་བུ་གངས་དཀར་ནི། ཇོ་མོ་གངས་དཀར་ཤ་མེད་མ། ཞེས་ཤར་ཕྱོགས་སྙེ་མོ་རྫོང་ཁོངས་འབྲེལ་སྡད་ཡོད་པ་དེ་ཡིན་ཞིང་རྟོགས་ལྡན་སྒོམ་ཆེན་འབར་བའི་སྒྲུབ་གནས་ཀྱང་དེར་ཡོད་དོ།
༦) ཁ་རག་ཁྱུང་བཙུན་དཔལ་གྱི་འཇིག་རྟེན་སྨན་གཅིག་མ་ནི། འབེན་ཟློག་ལས། “ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུལ། །གསང་མཚན་འཇིག་རྟེན་སྨན་གཅིག་མ། །ཞེས་དང་།
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ནི་གཙང་གི་རུ་མཚམས་ན། །སྲིང་གཅིག་ཁ་རག་ཁྱུང་བཙུན་མ། །” ཞེས། གཙང་དབུས་ཀྱི་རུ་མཚམས་ཏེ་ལྷོ་ཁ་སྣ་དཀར་རྩེ་རྫོང་ཁ་རག་ཤང་ལྷོ་ནུབ་ངོས་ཀྱི་རྒྱབ་རི་ཇོ་བོ་དང་། ཇོ་མོ་བློན་པོ་གངས་བཅས་གསུམ་ནི་བྱ་ཁྱུང་མཁའ་ལ་འཕུར་འདྲ་ལྟ་བུ་ཡོད་ཅེས་སོགས་ཉམས་དགའ་ཡིད་འོང་གི་རི་ཞིག་ལོས་ཡིན་ཟེར་ཞིང་གོ་སླ།
༧) སྐྱི་འཐིང་ཤག་གི་ལ་རོ་བྱང་གི་སྨན་གཅིག་མ་ནི། འབེན་ཟློག་ལས། “ སྐྱེ་མཐིང་ཤག་གི་ལ་རོ་སྨན། །གསང་མཚན་བྱང་གི་སྨན་གཅིག་མ། །ཞེས་དང་།
གནས་ཡུལ་དངོས་ནི། ཆོས་འབྱུང་མེ་ཏོག་སྦྲང་རྩི་ལས། “ དེ་ནས་འཕན་ཡུལ་དུ་བྱོན་ཙ་ན་བྱང་གི་ཀྱིན་འཐིང་ལ་རོ་སྨན་དང་། །” ཞེས་གསུངས་པ་ཙམ་ལས་གནས་ཡུལ་དངོས་ནི་ད་ལྟའི་ཆར་འདིའོ་བསམ་པ་ཞིག་མ་རྙེད།
༨) འབྲོག་ཆེན་འཁོར་ཡུལ་གསང་བའི་སྨན་གཅིག་མ་ནི། འབེན་ཟློག་ལས། “ མ་བཙུན་འབྲོག་ཆེན་འཁོར་འདུལ་མ། །གསང་མཚན་བྱང་གི་ཡུམ་གཅིག་མ། །མ་བཙུན་ཆེན་མོ་ཁྱེད་བཞི་ཡང་། །” ཞེས་དང་། བསང་བརྔན་ལས། “ ཡུལ་ནི་མལ་ཡུལ་ཏིང་པ་ནི། །ཆེ་ཞེས་འབྲོག་ཆེན་འཁོར་འདུས་མ། །” ཞེས་དང་།
གནས་ཡུལ་དངོ་ནི། ཆོས་འབྱུང་མེ་ཏོག་སྦྲང་རྩི་ལས། “ དེ་ནས་བྱང་ཁའི་གཡའ་རི་གངས་རི་རྣམས་ཀྱི་ལྷ་སྲིན་བཏུལ་ཏེ། ཤེལ་ཚ་རྒྱལ་མོ་གངས་ཀྱི་མིང་བྱང་གི་འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ་མོར་བཏགས་སོ། །” ཞེས། ཤེལ་ཚ་རྒྱལ་མོ་གངས་ནི་དེང་གི་མིང་ཤན་རྩའི་རྒྱལ་གངས། རྒྱལ་གངས་ལྷ་མོ་སོགས་འབོད་ཅིང་ད་ལྟ་ཤན་རྩ་རྫོང་ཆགས་སའི་ལྷོ་ཤར་ངོས་ཀྱི་གངས་རི་ཆེན་མོ་དེའོ། གཞན་ནག་ཆུ་མཚེའུ་རྫོང་ཁུལ་ཤེལ་གཡེར་གངས་རི་ཞེས་དེ་འབྲོག་ཆེན་འཁོར་འདུལ་མ་ཡིན་པར་བརྗོད་མཁན་འདུག་མོད་ཁོ་ཚོས་དེ་ཚོད་དཔག་ཙམ་ཡིན་པར་འདུག །
གསུམ་པ་ཡང་སྨན་ཆེན་མོ་བཞི་ནི།
༩) ཏིང་ཏིང་ལས་ཀྱི་གར་མའམ་རྨ་ཏིང་ཤག་འཕྲུལ་གྱིས་སྨན་གཅིག་མ་ནི། འབེན་ཟློག་ལས། “ རྨ་ཏིང་ཤག་གི་འཕྲུལ་མོ་ཆེ། །གསང་མཚན་རྨ་ཏིང་ཤག་གི་སྨན། །ཞེས་དང་།
གནས་ཡུལ་དངོས་ནི། བརྔན་བསང་ལས། “ ཡུལ་ནི་རྨ་ཡུལ་ཐང་བརྒྱད་ན། །སྲིང་ཅིག་ཏིང་ཏིང་དིང་མོ་བཙུན། །” ཞེས་པ་འདི་ནི། བརྟན་མ་བཅུ་གཉིས་ཀྱི་ཞུ་ལན་ལས། “ ཏིང་ཏིང་ལས་ཀྱི་གར་མ་རྨ་ཏིང་འཕྲུལ་གྱིས་སྨན་གཅིག་མ། །” ཞེས་གསུངས་འདུག་སྟབས། ཏིང་ཏིང་དིང་མོ་བཙུན་དང་རྨ་ཏིང་འཕྲུལ་གྱི་སྨན་མོ་གཉིས་པོ་ལྷ་གཅིག་རེད་འདུག་པས་རྨ་ཡུལ་པོམ་རའི་རི་རྒྱུད་ཉེ་སྐོར་ཞིག་ལ་མེད་དམ་སྙམ་མོད། འོན་ཀྱང་ནག་ཆུ་གཉན་རོང་རྫོང་སོག་ཏིང་ངུ་བོན་དགོན་གྱི་རྒྱབ་རི་རྨ་ཤག་མ་ཞེས་པ་དེ། རྨ་ཏིང་ཤག་གི་འཕྲུལ་མོ་ཆེ་རེད་ཅེས། བོན་དགོན་གྱི་སྐུ་ཞབས་དག་གིས་གསུངས། ད་དུང་གཉན་རོང་རྫོང་སོག་དཀར་མོ་ཤང་ཁུལ་སོག་དཀར་མོའི་རྨ་རི་ཞེས་པའི་གནས་ཤིག་ཡོད་པར་དེའང་བརྟན་མ་བཅུ་གཉིས་ཀྱི་གྲལ་དུ་ཡིན་པར་ཤོད་སྲོལ་ཀྱང་འདུག །
༡༠) འདའ་ལ་བཙན་མོ་ཡེ་ཤེས་གངས་ཀྱི་གཡུ་བུན་སྨན་གཅིག་མ་ནི། འབེན་ཟློག་ལས། “ འདའ་ལ་བཙུན་མོ་བོད་ཁམས་སྐྱོང་། །གསང་མཚན་གངས་ཀྱི་གཡུ་བུན་མ། །ཞེས་དང་།
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ཅིག་ནུབ་ཡུལ་དག་མཚམས་ན། །སྲིང་ཅིག་གངས་ཀྱི་གཡུ་བུན་མ། །” ཞེས་དང་། ཆོས་འབྱུང་མེ་ཏོག་སྦྲང་རྩི་ལས། “ དེར་སྲིད་པའི་རྒྱལ་མོ་མུ་ཙ་མེད་ལ་སོགས་ཀྱིས་སྲོག་གི་སྙིང་པོ་(མདོངས་)གསོལ་དུ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཁས་བླངས་སོ། །མོའི་གསང་མཚན་ཡང་གངས་ཀྱི་ཡུམ་གཅིག་རྡོ་རྗེ་ཀུན་བཟང་བྱ་བར་བཏགས་སོ། །” ཞེས། གཞིས་རྩེ་སྐྱིད་རོང་རྫོང་ཁུལ་དཔལ་ཁུད་མཚོའི་ལྷོ་ཤར་ངོས་ཀྱི་གངས་རི་(དཔལ་ཁུལ་)པད་ཁུད་གངས་རིའམ་མང་པོ་གཡུ་རི་ཞེས་དེ་ཡིན་པར་ཡུལ་མིས་བརྗོད་ཅིང་། དེའི་ཤར་ཕྱོགས་སུ་ཤི་ཤ་སྦང་མ་ཞེས་པའི་གངས་རི་ཆེན་མོ་དེ་སྐྱིད་རོང་རྫོང་ཁོངས་སུ་ཡོད་པར་དེ་མིན་པའི་ངེས་པའང་མེད་སྙམ་པ་ཡིན།
༡༡) གངས་གིས་ཡུམ་གཅིག་གཡུ་བུན་དཀར་མོ་འོད་ཀྱི་སྨན་གཅིག་མ་ནི། འབེན་ཟློག་ལས། “ གངས་ཀྱི་ཡུམ་གཅིག་གཡུ་སྒྲོན་མ། །གསང་མཚན་དཀར་མོ་འོད་འགྱེད་མ། །ཞེས་དང་། །
གནས་ཡུལ་དངོས་ནི། བསང་བརྔན་ལས། “ ཡུལ་ཅིག་དབུས་རུ་སྙིང་ཚལ་ན། །སྲིང་གཅིག་གངས་ཀྱི་(རྡོ་རྗེ)གཡུ་སྒྲོན་མ། །” ཞེས་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ལས། “ ཀ་ཚལ་དགོན་པའི་སྐོར་ལམ་དུ་བུད་མེད་གཞོན་ནུ་མ་རྒྱན་ཆས་བཟང་པོ་བྱས་པ་ཞིག་དང་ཐུག་བྱུང་། །” ཞེས་དང་། “ དེ་ནུབ་རྨི་ལམ་དུ་ལྷ་མོ་གཡུ་སྒྲོན་མའི་ཆོ་འཕྲུལ་ཡིན་པའི་རྟགས་བྱུང་། །” ཞེས་གསུངས། དབུ་རུ་ཀ་ཚལ་དགོན་པའམ་མལ་གྲོ་གུང་དཀར་རྫོང་ཁོངས་སུ་གནས་ཡོད་པར་གསུངས་ཤིང་ཕར་ཆེར་བལྟས་ན་མལ་གྲོ་གུང་དཀར་རྫོང་གི་ལྷོ་ཤར་དུ་ཡོད་པའི་གངས་རི་དེ་མིན་ནམ་སྙམ་མོད་ས་མིང་དངོས་ནི་མ་ཤེས།
༡༢) རྨ་རི་རབ་འབྱམས་དྲག་མོ་རྨ་བཙུན་ཕྱུག་མོ་སྨན་གཅིག་མ་ནི། འབེན་ཟློག་ལས། “ རྨ་རི་རབ་འབྱམས་དྲག་མོ་བདུན། །གསང་མཚན་རྨ་བཙུན་ཕྱུག་མོ་བསིལ། །ཡང་སྨན་ཆེན་མོ་ཁྱེད་བཞི་ཡང་། །” ཞེས་དང་།
གནས་ཡུལ་དངོས་ནི། མདོ་སྨད་མགོ་ལོག་ཁུལ་རྨ་ཆེན་རྫོང་རྨ་རྒྱལ་པོམ་རའི་ཉེ་འཁོར་གྱི་ནུབ་ངོས་རྟ་བོའུ་ཞོལ་ཤང་ཁོངས་སུ་ཡོད་པའི་ཡུམ་ཨ་ནེ་བན་རིའམ་ཡུམ་རྡོ་རྗེ་དྲག་མོ་ཞེས་པའི་རི་དེ་ཡིན་པར་བཤད།
དེ་ལྟར་འབེན་ཟློག་ལྟར་གོང་རིམ་ཡར་མར་མ་གཏོགས་གཞན་བརྟན་མ་བཅུ་གཉིས་ཀྱི་མིང་དང་རྩི་ཚུལ་ཚང་མ་གཅིག་པ་ཡིན་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་འཇིག་རྟེན་སྨན་བཙུན་བརྟན་མ་བཅུ་གཉིས་མཇལ་ཞིང་ཞུ་ལན་གནང་བའི་སྐོར་ << འཇིག་རྟེན་སྨན་གྱིས་ཞུ་ལེན་ >> གྱི་ནང་དུ་བཏུས་པའི་ལྷའི་མཚན་དང་གོང་རིམ་འདི་ལྟར་ཏེ། ༡) རྐོང་བཙུན་དེ་མོ་ཉི་འོད་སྨན་ཅིག་གིས། ༢) གསེར་དང་གཡུའི་ཡི་གེ་སྨན། ༣) ནུབ་ཀྱི་ལྷ་རི་ཡ་མ་སྐྱོལ། ༤) སྐྱི་འཐིང་ཡ་མ་སྐྱོལ་གཡུའི་སྨན་གཅིག་མ། ༥) གངས་དཀར་ཤ་མེད་གཉེན་གྱི་སྨན་གཅིག་མ། ༦) ཁ་རག་ཁྱུང་བཙུན་དཔལ་གྱི་སྨན་གཅིག་མ། ༧) འབྲོག་ཆེན་འཁོར་ཡུལ་གསང་བའི་སྨན་གཅིག་མ། ༨) སྐྱི་འཐིང་ཤག་གི་ལ་རོ་སྨན་གཅིག་མ། ༩) ཏིང་ཏིང་ལས་ཀྱི་གར་མའམ་རྨ་ཏིང་འཕྲུལ་གྱིས་སྨན་གཅིག་མ། ༡༠) གདའ་ལ་བཙན་མོ་ཡེ་ཤེས་སྨན་གཅིག་མ། ༡༡) རྨ་རི་རབ་འབྱམས་གྲག་མོ་སྨན་གཅིག་མ། ༡༢) གངས་གིས་ཡུམ་གཅིག་གཡུ་བུན་དཀར་མོ་འོད་ཀྱི་སྨན་གཅིག་མ་བཅས་སོ། །
འབེན་ཟློག་ནང་། “ སྐྱེ་མཐིང་ཤག་གི་ལ་རོ་སྨན། །གསང་མཚན་བྱང་གི་སྨན་གཅིག་མ། །” ཞེས་དང་། “ རྨ་རི་རབ་འབྱམས་དྲག་མོ་བདུན། །གསང་མཚན་རྨ་བཙུན་ཕྱུག་མོ་བསིལ། །” ཞེས། དེ་གཉིས་བསང་བརྔན་ནང་དུ་འཁོད་མི་འདུག་ལ། བརྔན་བསང་གིས། “ ཡུལ་ནི་ན་ལེན་ཤིང་ལེན་ན། བཙན་ལ་རོལ་པའི་སྨན་གཅིག་མ། །” ཞེས་དང་། “ ཡུལ་ནི་ལྷོ་ཡུལ་མོན་ཡུལ་ན། །སྲིང་ཅིག་ལྷ་རི་གཡང་མ་སྨན། །” ཞེས་པ་འདི་གཉིས་འབེན་ཟློག་ནང་དུ་མི་འདུག་ཅིང་། གོང་གི་སྐྱི་མཐིང་ཤག་གི་ལ་རོ་སྨན། བཙན་ལ་རོལ་པའི་སྨན་གཅིག་མ། སྲིང་ཅིག་ལྷ་རི་གཡང་མ་སྨན་བཅས་གསུམ་གྱི་ས་གནས་གང་ཡིན་མ་ཤེས་མོད། གཞན་རྣམས་ནི་དཔེ་ཆ་ནང་དུ་གསལ་བ་ལྟར་ད་ལྟའི་ཡུལ་གྱི་གནས་ཚུལ་དང་ཤོད་སྲོལ་སོགས་མཐུན་ཤས་ཆེ་བ་ཡིན་སྙམ་པ་ཡོད། སྤྱི་བཏང་བོན་གྱི་ཡིག་ཆ་ཁག་གི་ནང་དུ་སྟོང་རྒྱུང་བརྔན་བསང་ལས་བརྟན་མ་བཅུ་གཉིས་ཀྱི་སྐོར་འགའ་ཞིག་ཡོད་པར་ས་གནས་སོགས་འདི་དང་ཅུང་མི་འདྲ་མོད་། གཞན་བོན་དཔེ་ཕར་ཆེ་བ་དེ་འདིར་འབེན་ཟློག་ལྟར་ཡོངས་གྲགས་ལྟ་བུ་ཡིན།
འདིར་བན་དེའི་བརྟན་མ་བཅུ་གཉིས་སྐོར་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་པར་འདུག་ཀྱང་། འདིར་བརྟན་མ་བཅུ་གཉིས་ཀྱི་ས་གནས་གང་དུ་ཡོད་མེད་ཀྱི་སྐོར་འཚོལ་བར་དཔྱད་གཞི་ཚིག་ཉུང་དོན་བསྡུས་གལ་ཆེན་ཞིག་ནི། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ << བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་མཆོད་ཚུལ་གངས་ལྗོངས་རྗེས་བརྩེ་རབ་བསྐུལ >> གྱི་ཚིག་ཁ་ཤས་འདིར་འགོད་དེ། “ བསམ་ཡས་དབུས་ཀྱི་སྦྲགས་ཡུལ་ཕུ་ནང་ནས། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །” ཞེས་དང་། “ ལྷོ་བོད་མཚམས་ཀྱི་གངས་རི་ཆེན་པོ་ནས། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང། །” ཞེས་དང་། “ གཉའ་ནང་བྲིན་གྱི་ཕུ་ནས་སྤྱན་འདྲེན་གྱིས། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །” ཞེས་དང་། “ གཙང་པོའི་རྒྱབ་ཕྱོགས་འབྲོག་གནས་དོ་ནག་ན། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །” ཞེས་དང་། “ བདུད་ཀྱི་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །” ཞེས་དང་། “ འུ་ཡུག་ཕུ་ཡི་ཤར་ཕྱོགས་གངས་རྩེ་ནས། །གངས་ཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །” ཞེས་དང། “ བར་ཐང་ཤར་གྱི་རི་སྦུག་ཐོད་ན་གནས། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །” ཞེས་དང་། “ ནགས་རྒྱལ་བོ་དོང་ཕུ་ཡི་ཕྱོགས་ཤིག་ན། །གསེར་ཆེན་མཁའ་རྒྱུ་རྡོ་རྗེ་ཀླུ་མོ་རྒྱལ། །” ཞེས་དང་། “ མདོ་ཁམས་རྨ་ཆེན་སྤོམ་རའི་རྩེ་ཤིག་ན། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །” ཞེས་དང་། “ ཀོང་ཡུལ་བྲེ་ནང་མཐིལ་གྱི་ཕྱོགས་ཤེད་ནས། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །” ཞེས་དང་། “ སྨན་གཅིག་ཕུར་ཐང་བསམ་སྡིངས་རྒྱབ་རི་ནས། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །” ཞེས་དང་། “ མདོ་ཁམས་སྨད་ཀྱི་གཡར་མོ་ཐང་ཤེད་ན། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་སིལ། །” ཞེས་དང་། “ ལ་སྟོད་ལྷོ་ཡི་ཤེལ་ཕུག་ཕྱོགས་ཤེད་ན། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །” ཞེས་དང། “ སྨན་བཙུན་བུ་མོ་ཆེན་མོ་མཆེད་བཞི་ཡང་། །” ཞེས་དང་། “ བདུད་མོ་བཞི། གནོད་སྦྱིན་མོ་བཞི། སྨན་མོ་བཞི་སྟེ་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །” ཞེས་སོགས་གསུངས་སོ། །
ཞེས་ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་བརྟན་མ་བཅུ་གཉིས་ཀྱི་ཟིན་བྲིས་ས་བཅད་ཙམ་དུ་ཤེས་ཚོད་ཀྱི་དཔྱད་གཞི་ཚུལ་དུ་བཀོད་དེ་སྤེལ་བ་ཡིན་ལ། འདི་ལྟའི་ཚིག་ཉུང་ཁ་རི་ཁ་ཐུག་ལབ་རྒྱུ་ལས་གཞན་ཚིག་སྦྱོར་སྙན་པོ་དང་ཚིག་ཚོགས་ཀྱི་ལོ་མ་སྤྲོས་རྒྱུར་དེ་ཙམ་མི་ཐོན་ལ་དགའ་པོ་དེ་ཙམ་མེད་པ་ནི་ཁོ་བོའི་རང་གཤིས་སུ་གྲུབ་པ་ཡིན། འོན་ཏང་གོང་གི་ལུང་དོན་འགའ་ཞིག་འགྲེལ་ཐུབ་ན་སྙམ་མོད་དུས་ཚོད་མ་ཁོམ་པས་ལུས་སོང་བ་དང་། འདིའི་སྐོར་ཧ་ཀྱང་འཚོལ་བར་དཀའ་ཞིང་མགོ་རྙོག་ཆེ་བས་སྐྱོན་དང་ནོར་འཁྲུལ་བྱུང་ཡོད་ངེས་པར་མཁས་རྣམས་བཟོད་པར་གསོལ། དེ་ལྟར་མ་འོངས་པར་ང་ཚོས་བོད་ཡུལ་གྱི་གནས་རི་རྣམས་བཙལ་ཞིང་མ་རྙེད་པར་ཁ་གསབ་བྱེད་རྒྱུ་ནི་ཧ་ཀྱང་གལ་ཆེན་ཞིག་ཡིན་པའི་ངོས་ནས་དཔྱད་ཞིབ་རྣམ་པར་ཡང་ནས་ཡང་དུ་བསྐུལ་བར་ཡིན་ནོ།། །། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༣ ཉིན། །
དཔྱད་གཞིའི་ཡིག་ཆ་གཙོ་བོ།
<< འབེན་ཚོགས་ལྷ་ཡི་བཀའ་ཟློག >> བླ་མ་རྨ་སྟོན་གྱིས་གཏེར་མ། བོན་གྱི་བཀའ་བརྟེན།
<< འཇིག་རྟེན་སྨན་གྱིས་ཞུ་ལེན། >> སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད། བོན་གྱི་བཀའ་བརྟེན།
<< བསང་བརྔན་བསམ་འགྲུབ་ཡིད་བཞིན་ནོར་བུ། >> སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད། བོན་གྱི་བཀའ་བརྟེན།
<< དབལ་ཕུར་ནག་པོའི་གཏེར་བདག་དྲུག་གི་བསྐུལ་བ །>> ཁུ་ཚ་ཟླ་འོད་ཀྱིས་གཏེར་མ། བོན་གྱི་བཀའ་བརྟེན།
<< སྟོང་རྒྱུང་མཐུ་ཆེན་མཛད་པའི་བརྔན་བསང་ཆེན་པོ། >> དྲུང་མུ་ཧ་རའི་གཏེར་མ། བོན་ཀྱི་བཀའ་བརྟེན།
<< ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། >> ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
<< གཡས་རུ་ཨ་ཁྲིད། >> བྲུ་རྒྱལ་བ་གཡུང་དྲུང་གིས་མཛད། ཐོབ་རྒྱལ་གསར་པའི་བོན་ཚོགས་ཀྱིས་བསྐྲུན།
<< ཀུན་མཁྱེན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར། >> རྒྱལ་ཚབ་གཡུང་དྲུང་བསྟན་དབང་གིས་མཛད། བོན་གྱི་བཀའ་བརྟེན།
<< སྐྱབས་རྗེ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྣམ་ཐར >> མཁས་དབང་དཔལ་ལྡན་ཚུལ་ཁྲིམས་གྱིས་མཛད། རྒྱ་གར་ལྡི་ཧ་ལིའི་པར་མ།
<< བོད་ཡུལ་ལམ་གྱི་གནས་ཡིག་གསལ་བའི་དམིག་བུ། >>ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོའི་ཆེའི་གསུང་འབུམ། ཁྲི་བརྟེན་ནོར་བུ་རྩེ་ཡི་དཔེ་མཛོད་ཁང་།
<< དུང་དཀར་ཚིག་མཛོད་ཆེན་མོ། >> མཁས་དུང་དཀར་བློ་བཟང་ཕྲིན་ལས་ཀྱི་བརྩམས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
<< བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་མཆོད་ཚུལ་གངས་ལྗོངས་རྗེས་བརྩེ་རབ་བསྐུལ། >> ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད། འཕྲུལ་དེབ།
<< ལོ་ཆེན་བཻ་རོས་མཛད་པའི་རྨ་རྒྱལ་པོམ་རའི་གནས་ཡིག >> དྲ་ལམ་ཞིག་ལ་བཤུས།