འཇའ་ལུས་འཕོ་བ་ཆེ་ཆུང་སྐོར་ལ་དྲི་བ།
བཀའ་ལན་གནང་མཁན། གནམ་སྲས་གཟི་དམར། དྲི་བ་འབུལ་མཁན། ཧི་མ་ལ་ཡའི་རྒྱལ་སྲས།
དྲི་བ། གསང་སྔགས་བཀའ་འགྲེལ་ལས། “ འདིའི་འཇའ་ལུས་ནི་རྒྱུ་རླུང་སེམས་ལ་གྲུབ་ཅིང་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་མཚན་དཔེས་སྤྲས་པ་ཞིག་གོ །འདི་ནི་སྟོང་པ་བཞི་པའི་མཐར་རླུང་སེམས་ལས་གྲུབ་པའི་སྐུ་ཡིན་གྱི། ད་ལྟའི་ཁམས་གསུམ་གང་རུང་གི་རྟེན་གྱི་ལུས་ནི་མ་ཡིན་ནོ། །འདི་དང་རྫོགས་ཆེན་གྱི་སྣང་བཞི་མཐར་ཕྱིན་པ་གྲུབ་པའི་སྐུ་གཉིས་མི་འདྲ་བ་ཤེས་དགོས་སོ། ། ” ཞེས་པའི་སྐབས་ཀྱི་འཇའ་ལུས་དེ་འཇའ་ལུས་འཕོ་བ་ཞེས་པ་དེ་ཡིན་ནམ་མིན། དེ་བཞིན་འཇའ་ལུས་འཕོ་བ་ཆེ་ཆུང་གསུང་ཚུལ་དེ་དག་རྒྱུ་དང་ཐབས་གང་གིས་ཁྱད་པར་འབྱེད་དགོས་སམ།
ལན། འདིའི་སྐབས་ཀྱི་འཇའ་ལུས་ནི། བསྐྱེད་རྫོགས་དང་རྩ་རླུང་ཐིག་གསུམ་ལ་གོམ་པ་མཐར་ཕྱིན་པ་ལས་བྱུང་ཞིང་། སྟོང་པ་བཞི་པའམ། དགའ་བ་བཞི་ལ་གོམ་འདྲིས་བྱུང་ལ་ལས་གྲུབ་པ། ཡི་དམ་གང་ཡིན་པ་དེའི་སྐུ་རླུང་སེམས་ལས་གྲུབ་པར་དེར་སྒྱུ་ལུས་ཞེས། གསང་སྔགས་པ་སྐབས་རེ་ཡི་དམ་དུ་གནས་འགྱུར་རྒྱུ་ཡོད་པ་དེར། དངོས་པོའི་སྟོང་པའི་ཆ་ནས་འཇའ་ལུས་ཞེས་བཏགས་པར་སྙམ་ཞིང་། རྫོགས་ཆེན་གྱི་འཇའ་ལུས་འཕོ་ཆུང་ནི། ཚེ་འདིར་ཁྲེགས་ཆོད་ལ་བརྟན་པ་ཐོབ་ཅིང་ཐོད་རྒལ་གྱི་སྣང་བ་བཞི་ལ་གོམ་འདྲིས་གང་འཚམས་ཡོད་པ་ཞིག་འདས་གྲོངས་སྐབས། སྐུ་གདུང་འོད་དུ་ཡལ་བའམ། སྐུ་གདུང་གྲུ་གང་ཙམ་བྲི་བ་དག་སངས་རྒྱས་པའི་རྟགས་འབྲིང་པོར་ངོས་འཛིན་ལ། དེ་ལས་འཕགས་པའི་འཇའ་ལུས་འཕོ་བ་ཆེན་པོ་ནི། ཚེ་འདིར་ཁྲེགས་ཆོད་ལ་བརྟན་པ་ཐོབ་ཅིང་སྣང་བ་བཞི་ཟད་སར་འཁྱོལ་བ་ལ་རྟེན་ནས། ཕུང་པོ་སྤྲུལ་བསྒྱུར་ནུས་ཤིང་སྐྱེ་འཆི་ལ་རང་དབང་ཐོབ་པ་ཏ་པུ་ཧྲི་ཙ་ལྟ་བུ་ཡིན་སྙམ། དེ་དག་གི་ལུང་ནི། མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་རྣམས་ནས་གསལ། །