འཇའ་ལུས་འཕོ་ཆེན་ཉེར་བཞི་ཞེས་པའི་སྐོར་གསུང་རོགས།
རྩོམ་བྲིས་པ། དགེ་གཤེན་གསས་ལྷ་རྗེ་དང་ཨར་ལྟ་བླ་མ། དྲི་བ་གཏོང་མཁན། དཔལ་ལྡན།
དྲི་བ། བོན་ལུགས་སུ་རྫོགས་པ་ཆེན་པོའི་གཞུང་བཤད་སྐབས་དམིགས་བསལ་འཇའ་ལུས་འཕོ་ཆེན་ཉེར་བཞི་ཞེས་འཇའ་ལུས་པ་གྲངས་ཉེར་བཞི་ཙམ་ལས་དེ་མིན་འཇའ་ལུས་སུ་ཕེབས་པ་མེད་དམ། ཡང་ན་དམིགས་བསལ་ཉེར་བཞིར་བགྲང་བའི་རྒྱུ་མཚན་གང་།
ལན། འཇའ་ལུས་ཉེར་བཞི་འམ་ཉེར་དྲུག་ཅེས་དེ་ཙམ་ལས་འཇའ་ལུས་པ་གཞན་མེད་པ་མ་ཡིན་ཏེ། ལི་ཤུ་དང་ཅོ་ཟ་སོགས་སྔོན་དང་། ཕྱིས་སུ་ཡང་ཤར་རྫ་འཇའ་ལུས་ཡབ་སྲས་སོགས་འཕོ་ཆེ་ཆུང་མང་པོ་ཡོད། ཡིན་ན་ཡང་ཉེར་བཞི་དང་ཉེར་དྲུག་ནི་དམིགས་བསལ་ཏེ་ལྷ་བོན་ཡོངས་སུ་དག་པ་ནས་ཟླ་བ་རྒྱལ་མཚན་ཡན་ཉེར་བཞི་དང་། ཡང་ལྷ་བོན་ཡོངས་དག་ནས་སྣང་བཞེར་ལོད་པོ་ཡན་ཉེར་དྲུག་ཀུན་”བླ་སློབ་བར་མ་ཆད་པར་མུ་ཏིག་སྟར་ལ་བརྒྱུད་པ་བཞིན་འཇའ་ལུས་འཕོ་བ་ཆེན་པོར་གཤེགས་”པའམ། སྙན་ནས་སྙན་བརྒྱུད་དེ་ཟམ་མ་ཆད་པར་འཇའ་ལུས་ནང་ནས་ཡང་འཕོ་བ་ཆེན་པོའི་སྐུ་རུ་བཞེངས་པའི་ཆ་ནས་འཕོ་ཆེན་ཉེར་བཞི་ཞེས་ཐ་སྙད་བཏགས་པ་ཡིན་ནམ་སྙམ། དེའི་རྗེས་སྤྲུལ་སྐུ་དྲིན་ཅན་རྣམ་གཉིས་ཀྱིས་སྙན་རྒྱུད་ཡི་གེར་བཀོད་ནས་རྗེས་སུ་འཇའ་ལུས་པ་མང་དག་ཅིག་ཕེབས་པའང་གསལ་པོ་ཡིན། །