འགྲོ་མགོན་དང་མེ་སྟོན་སོགས་ཀྱི་གསུང་འགའ་ཞིག་ལ་དྲི་དཔྱད།
དྲི་བ་གནང་མཁན། 5678 ལན་གནང་མཁན། ཞང་ཚུལ་མི་སོགས།
དྲི་བ། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། “ འདི་ནི་ཡེ་གཤེན་བླ་ན་མེད་པའི་རྒྱུད་ཡིན། ” ཞེས་པའི་དོན་གང་ཡིན་ནམ།
དྲི་བ། མེ་སྟོན་མཆོག་གི་མཛད་པའི་དབུ་མའི་རང་འགྲེལ་ལས། “ འོ་ན་བདེན་པ་གཉིས་ཀ་མེད་ན་ཆད་ལྟ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔར་ཡོད་པ་ཕྱིས་མེད་པར་འདོད་ན་ཆད་ལྟའམ་ཡོད་པ་ཆད་པ་ཡིན་ལ། བདེན་པ་གཉིས་ཀ་ཡོད་མ་མྱོང་བས་ཆད་རྒྱུ་མེད་དོ། ། ” ཞེས་པའི་དོན་བདེན་པ་གཉིས་ཚད་གྲུབ་ཏུ་མི་འདོད་པའི་དོན་ཡིན་ནམ་ཡང་ན་གང་།
དྲི་བ། བོན་གྱི་སྤྱན་ལྡན་དུ་གྲགས་པའི་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛོད་འགྲེལ་དང་བསེན་འགྲེལ་གལ་མདོ་གསུམ་ལས། འཁོར་བར་ཐོག་ཡོད་དུ་བསྒྲུབས་འདུག་ཀྱང་། སྒ་སྟོན་དང་། ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་ཀྱི་འཁོར་བར་ཐོག་མེད་ལུང་རིགས་གཉིས་ཀྱིས་བསྒྲུབས་འདུག་པས་དོན་ལ་ཐོག་ཡོད་དང་ཐོག་མེད་གང་ཡིན་ནམ།
དྲི་བ། འ་ཞའི་གལ་མདོ་ལས། “ མེད་སྐྱེ་བཀག་ཅིང་གལ་ཏེ་མེད་སྐྱེ་ཡོད་ན་བ་སྐམ་ལས་བེའུ་སྐྱེ་བ་ཐལ།” གསུངས་པས། ཐལ་འགྱུར་བའི་ཡན་ཆོད་ཚོས་སྐྱེ་བ་ཚད་གྲུབ་ཏུ་མི་འདོད་དམ་ཡང་ན་དེའི་དོན་གང་།
དྲི་བ། འ་ཞའི་ཚད་མ་ཀུན་བཏུས་ལེའུ་བཞི་པ་ལས་རིག་པ་ཙམ་ལ་སྡེ་ཚན་གཉིས་བསྟན་ཅིང་། རྗེས་མ་དེར་ “ ཕྲ་བའི་བློ་གང་ཞིག་” ཅེས་གསུངས་པས་དེའི་དོན་རྣལ་མ་ནི་བློ་གཞི་བཞག་ཅེས་པའི་དོན་ཡིན་ནམ་ཡང་ན་གང་།
ཁྱེད་ཀྱི་བཀའ་དྲིའི་ཐད་ལ་དགོངས་ཚུལ་གསུངས་པ་ཁག་གཤམ་ནས་གཟིགས་རོགས།
[su_tabs style=”default” active=”1″ vertical=”no” class=””] [su_tab title=”ཞང་ཚུལ་མིའི་ལན།” disabled=”no” anchor=”” url=”” target=”blank” class=””]
དྲི་བ། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། “ འདི་ནི་ཡེ་གཤེན་བླ་ན་མེད་པའི་རྒྱུད་ཡིན། ” ཞེས་པའི་དོན་གང་ཡིན་ནམ།
ལན། འདི་ནི་གཞུང་གྲུབ་མཐའ་རང་རང་འཆད་སྐབས་བྲོ་པ་སྐྱེ་ཕྱིར་གཞན་ལས་འཕགས་ཚུལ་མང་དུ་གསུངས་པ་དང་གཅིག་པར་མངོན། མ་རྒྱུད་ཕྱི་ནང་གསང་གསུམ་དང་གསེར་མཁར་མཆོག་ལྔ་སུ་ཡིན་ན། གཞུང་རང་ཉིད་དེ་ཐེག་པ་གཞན་ལས་འཕགས་ཚུལ་བཤད་པ་འདི་ལུགས་སྲོལ་ཞིག་ཏུ་གྱུར། དཔེར་ན་ཀུན་གསལ་བྱམས་མས་མ་རྒྱུད་ཕྱི་ནང་གསང་གསུམ་ནས་མཐའ་གང་ལ་མ་ལྷུང་བ་དེ་བྱམས་མ་ཡིན་ཚུལ་གླེང་བ་བཞིན། ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ནས་ཀྱང་སྔགས་ཡེ་གཤེན་པ་ནས་ཕུལ་དུ་བྱུང་བ་དེ་ཁོ་ཉིད་ཡིན་ཚུལ་གླེང་བ་ཞིག་ཡིན་འདུག དོན་ཐོག་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་འདི་རྫོགས་རིམ་སྟོན་པའི་གཞུང་ཞིག་ཡིན་རུང་། རྫོགས་རིམ་གྱི་རྣམ་བཞག་སྟོན་པའི་ཐབས་མ་ཟབ་ཚུལ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དེ་མཆོག་བཞི་ལས་འཕགས་ཚུལ་བསྟན་སྐབས་ཞིབ་ཕྲར་བཀག་ཟིན་པ་ལྟར་ཡིན།
དྲི་བ། མེ་སྟོན་མཆོག་གི་མཛད་པའི་དབུ་མའི་རང་འགྲེལ་ལས། “ འོ་ན་བདེན་པ་གཉིས་ཀ་མེད་ན་ཆད་ལྟ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔར་ཡོད་པ་ཕྱིས་མེད་པར་འདོད་ན་ཆད་ལྟའམ་ཡོད་པ་ཆད་པ་ཡིན་ལ། བདེན་པ་གཉིས་ཀ་ཡོད་མ་མྱོང་བས་ཆད་རྒྱུ་མེད་དོ། ། ” ཞེས་པའི་དོན་བདེན་པ་གཉིས་ཚད་གྲུབ་ཏུ་མི་འདོད་པའི་དོན་ཡིན་ནམ་ཡང་ན་གང་།
ལན། མེ་སྟོན་ཆེན་མོའི་དགོངས་པ་ལ། ཡོད་དང་མེད། ཡང་དག་་དང་ལོག་པ། བདེན་དང་རྫུན་ཞེས་པ་འདི་གདུལ་བྱའི་ཐ་སྙད་འཇོག་ཚུལ་ཙམ་ལས་དོན་དུ་བདེན་རྫུན་མཉམ་ཚུལ་གསུང་པ་དེ་རེད། དཔེར་ན་ལུགས་འདིར་དོན་དམ་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་ཡོད་པའི་ཐ་སྙད་བྲལ་བ་དང་། ཀུན་རྫོབ་ཀྱང་ཡོད་ཅེས་པ་ནི་གནས་སྐབས་སེམས་ཅན་ཁ་དཀྲི་བྱེད་ཙམ་དང་སྣང་ཚུལ་སྣ་ཚོགས་རྐྱང་བར་གྱུར་བ་ལས་དོན་དུ་ཡེ་གདོད་ན་ནས་གྲུབ་པ་ཞིག་མེད་སྟབས་ཡོད་མ་མྱོང་ཞེས་གསུངས་པར་མངོན།
དྲི་བ། བོན་གྱི་སྤྱན་ལྡན་དུ་གྲགས་པའི་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛོད་འགྲེལ་དང་བསེན་འགྲེལ་གལ་མདོ་གསུམ་ལས། འཁོར་བར་ཐོག་ཡོད་དུ་བསྒྲུབས་འདུག་ཀྱང་། སྒ་སྟོན་དང་། ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་ཀྱི་འཁོར་བར་ཐོག་མེད་ལུང་རིགས་གཉིས་ཀྱིས་བསྒྲུབས་འདུག་པས་དོན་ལ་ཐོག་ཡོད་དང་ཐོག་མེད་གང་ཡིན་ནམ།
ལན། དེ་སྔོན་རང་ལུགས་ཀྱི་མཁས་པ་ཕལ་མོ་ཆེས་འཁོར་བ་ཐོག་མ་ཡོད་མེད་ཀྱི་རྩོད་གླེང་དག དོན་ཐོག་གཞི་ལས་སྐྱེ་འགག་ཡོད་མེད་ཀྱི་ཐོག་ཏུ་ཞེ་འདོད་མ་མཐུན་པ་དང་ཚིག་སྐྱོན་ཕྲན་བུ་རེས་རྩོད་གླེང་མང་དུ་མཛད་པ་ཞིག་ཡིན་པ་བཞིན། འདིར་འགྲོ་མགོན་རིན་པོ་ཆེས་མ་རིག་པ་ལ་ཐོག་མ་ཡོད་ཚུལ་སྒྲུབ་པ་འདི། གཞི་ལ་སྐྱེ་འགག་བྱེད་ཐོག་ནས་མ་རིག་པ་ཐོག་མ་ཡོད་ཚུལ་སྒྲུབ་པ་ལས། སྐྱེ་བ་ལ་ཐོག་མ་ཡོད་པ་དང་དེ་དང་ལྷན་དུ་འཁོར་བའི་མ་རིག་པ་ཐོག་མ་ཡོད་ཚུལ་གླེང་མི་འདུག་པས། ཁོང་རྣམས་དོན་ཐོག་ཞེ་འདོད་མི་མཐུན་པ་ཙམ་ལས་འཁོར་བ་ཐོག་མ་ཡོད་མེད་ལ་འགལ་འདུ་ཆེན་པོ་སོང་མི་འདུག འགྲོ་མགོན་གྱིས་འཁོར་བ་ལ་ཐོག་མ་ཡོད་ཚུལ་གླེང་པ་དེ་གཞི་ངོ་མ་ཤེས་ནས་སླར་འཁོར་བ་ལ་ཕྱིར་ལོག་དུས་མ་རིག་པ་གསར་པ་རེ་མགོ་བཙུག་པ་དང་། གཞི་ལ་སྐྱེ་འགག་གནས་གསུམ་བྱེད་ཐོག་ནས་འཁོར་བ་ཐོག་མ་ཡོད་ཅེས་གསུངས། དེའི་དགོངས་དོན་རྗེ་རིན་པོ་ཆེས་གསོང་དོན་རྣམ་འབྱེད་སྟབས་བདེར་བཀོད་པ་འདི་ལྟར། “གཞི་ལ་སྐྱེ་ཞིང་འགག་པའི་ཕྱིར། །འཁོར་བའི་ཐོག་མ་ཡོད་པར་བཞེད། །མ་རིག་པ་ལ་ཐུག་མེད་ཕྱིར། །འཁོར་བའི་ཐོག་མ་མེད་པར་གསུངས། །ཅེས་བཞེད་པ་ལྟར་རང་ལུགས་སྔར་ཕྱིར་མཁས་གྲུབ་ཀུན་གྱི་དགོངས་དོན་འདི་ལས་འཛོལ་མེད།
དྲི་བ། འ་ཞའི་གལ་མདོ་ལས། “ མེད་སྐྱེ་བཀག་ཅིང་གལ་ཏེ་མེད་སྐྱེ་ཡོད་ན་བ་སྐམ་ལས་བེའུ་སྐྱེ་བ་ཐལ།” གསུངས་པས། ཐལ་འགྱུར་བའི་ཡན་ཆོད་ཚོས་སྐྱེ་བ་ཚད་གྲུབ་ཏུ་མི་འདོད་དམ་ཡང་ན་དེའི་དོན་གང་།
ལན། སྐབས་འདིའི་མེད་སྐྱེ་ནི་དུས་རྒྱུན་མེད་སྐྱེ་བ་བཀག་ཚུལ་དང་མི་འདྲ་བར་དམིགས་བསམ་དབུ་མ་རང་རྒྱུད་པ་ལ་སྦྱར་ནས་བཤད་པ་ནི་ཅུང་ཟད་དཔྱད་དགོས་པ་ཞིག་ཏུ་སྣང་། རང་རྒྱུད་པས་འབྲས་བུ་སྔར་མེད་གསར་དུ་སྐྱེ་བ་འདོད་ཚུལ་གླེང་པ་ནི་ང་ཚོས་གསལ་བཤད་ཅི་ཡང་མི་ཤེས། གལ་ཏེ་རྒྱུ་མེད་ལས་སྐྱེ་བ་ཞིག་རང་རྒྱུད་པས་འདོད་ཚུལ་གླེང་གི་ཡོད་ན་དེ་ནི་ནོར་བ་ཁོ་ནར་མཐོང་། དེ་མིན་རོལ་མཆེད་པས་འབྲས་བུ་སྔར་མེད་གསར་སྐྱེས་འདོད་པའི་དཔེ་གཞུང་བཙན་པོ་མེད་སྙམ། ལར་གཞུང་འདི་ནས་བོན་དཔེ་གཞན་དང་མ་འདྲ་བར་ཐལ་རང་གཉིས་ཀྱི་འདོད་ཚུལ་ཞིབ་ཕྲར་བཀོད་ནས། ཐལ་འགྱུར་བའི་ལུགས་ལ་སངས་རྒྱས་ས་ན་ཤེས་རྒྱུན་ཆད་དགོས་པ་དང་། རང་རྒྱུད་པའི་ལུགས་ལ་སངས་རྒྱས་ས་ན་ཤེས་རྒྱུན་མ་ཆད་ཚུལ་གསུངས་པ་རང་གཞུང་བཀའ་ལུང་ཁུག་མ་དང་མཐུན་ཐབས་དཀོན་ནོ།།
དྲི་བ། འ་ཞའི་ཚད་མ་ཀུན་བཏུས་ལེའུ་བཞི་པ་ལས་རིག་པ་ཙམ་ལ་སྡེ་ཚན་གཉིས་བསྟན་ཅིང་། རྗེས་མ་དེར་ “ ཕྲ་བའི་བློ་གང་ཞིག་” ཅེས་གསུངས་པས་དེའི་དོན་རྣལ་མ་ནི་བློ་གཞི་བཞག་ཅེས་པའི་དོན་ཡིན་ནམ་ཡང་ན་གང་།
ལན། དེའི་སྐབས་བློ་གང་ཞིག་ཅེས་པ་ནི་བློ་ཡིན་པ་གཞི་བཞག་ཟེར་བ་ལས་གཞན་གོ་ས་མེད་པ་གསལ་པོར་གྱུར་བས་ཤེས་སླ།
ཞང་ཚུལ་མི་ནས།
[/su_tab] [su_tab title=”ཧི་མ་ལ་ཡའི་རྒྱལ་སྲས་ཀྱི་ལན།” disabled=”no” anchor=”” url=”” target=”blank” class=””]
@5678 ལགས། ཁྱེད་ཀྱི་བཀའ་དྲིའི་སྐོར་འགའ་ཞིག་ལ་གུས་པས་བསལ་ཚུལ་ཞིག་འབུལ་ན།
དྲི་བ། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། “ འདི་ནི་ཡེ་གཤེན་བླ་ན་མེད་པའི་རྒྱུད་ཡིན། ” ཞེས་པའི་དོན་གང་ཡིན་ནམ།
ལན། དེའི་སྐོར་གསང་སྔགས་བཀའ་འགྲེལ་ལས། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས་ལུང་དྲངས་པ། “ ཡེ་གཤེན་བླ་ན་མེད་པའི་རྒྱུད་ཀྱི་གོ་བ་ནི། ཕྱི་རོལ་དུ་ལུས་ངག་གི་དགེ་སྦྱོར་ལ་མི་ལྟོས་པར། ནང་སེམས་ཀྱི་སྒོམ་པ་ལ་གཙོ་རུ་བྱེད་པའོ། །སེམས་ལས་ལོག་པའི་སེམས་དཔའ་གཉིས་ཀྱང་མི་འདོད། བྱིན་གྱིས་བརླབ་བྱ་རློབ་བྱེད་གཉིས་སུ་མི་འདོད། ལྷ་ཡང་བཏགས་པ་ཙམ། བདག་ཀྱང་བཏགས་པ་ཙམ། སྒོམ་པ་དང་མི་སྒོམ་པ་ཡང་བཏགས་པ་ཙམ། བཏགས་པ་ཙམ་གང་ཡིན་པ་དེ་ནི། བློས་བྱས་པའི་བོན་ཡིན། ཡང་དག་པའི་བོན་ཉིད་ནི་མིང་མེད་བརྗོད་བྲལ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའོ། ། ” ཞེས་པའི་སྐབས་སུ་གསལ་ལོ། །
དྲི་བ། མེ་སྟོན་མཆོག་གི་མཛད་པའི་དབུ་མའི་རང་འགྲེལ་ལས། “ འོ་ན་བདེན་པ་གཉིས་ཀ་མེད་ན་ཆད་ལྟ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔར་ཡོད་པ་ཕྱིས་མེད་པར་འདོད་ན་ཆད་ལྟའམ་ཡོད་པ་ཆད་པ་ཡིན་ལ། བདེན་པ་གཉིས་ཀ་ཡོད་མ་མྱོང་བས་ཆད་རྒྱུ་མེད་དོ། ། ” ཞེས་པའི་དོན་བདེན་པ་གཉིས་ཚད་གྲུབ་ཏུ་མི་འདོད་པའི་དོན་ཡིན་ནམ་ཡང་ན་གང་།
ལན། འདི་ནི་བདེན་གཉིས་ཕན་ཚུན་ལྟོས་འཇོག་གིས་བཞག་པ་ལས་ཕན་ཚུན་མི་ལྟོས་པའི་སྒོ་ནས་གཉིས་ཀ་མེད་ཅེས་པའི་དོན་ཡིན་ཏེ།འདིའི་སྐོར་དབུ་མ་བདེན་གཉིས་ཀྱི་འགྲེལ་བ་ནས། “ ཀུན་རྫོབ་བཀག་ནས་དོན་དམ་མི་བསྒྲུབ་པར་སྟོན་ཏེ། གོང་དུ་དངོས་པོ་དང་མཚན་མ་ཐམས་ཅད་གྲུབ་པ་མེད་པར་རྣམས་བཀག་ནས་དེའི་ཤུལ་དུ་དངོས་མེད་ཅེས་བྱ་བའི་དོན་དམ་པར་ཡོངས་སུ་བསྒྲུབ་པ་མ་ཡིན་ཏེ། དོན་དམ་པ་ལ་བསྒྲུབ་བྱ་ཁས་ལེན་མེད་པའོ། །དེ་ལྟར་རྣམ་གཅོད་དགག་པ་དང་བཅས་པ་ལ་ཡོངས་གཅོད་བསྒྲུབ་བྱ་མེད་པའོ། །དེ་ཡང་ཀུན་རྫོབ་སྣང་བའི་དངོས་པོ་རྡུལ་ཙམ་ཡང་མ་རྙེད་པར་སྟོང་པའི་དངོས་པོ་ཡང་མ་རྙེད་དེ་སྣང་སྟོང་ལྟོས་འཇོག་ཡིན་པའོ། ། ” ཞེས་པ་ལྟར་རོ། །
དྲི་བ། བོན་གྱི་སྤྱན་ལྡན་དུ་གྲགས་པའི་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛོད་འགྲེལ་དང་བསེན་འགྲེལ་གལ་མདོ་གསུམ་ལས། འཁོར་བར་ཐོག་ཡོད་དུ་བསྒྲུབས་འདུག་ཀྱང་། སྒ་སྟོན་དང་། ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་ཀྱི་འཁོར་བར་ཐོག་མེད་ལུང་རིགས་གཉིས་ཀྱིས་བསྒྲུབས་འདུག་པས་དོན་ལ་ཐོག་ཡོད་དང་ཐོག་མེད་གང་ཡིན་ནམ།
ལན། འཁོར་བ་ཐོག་མ་ཡོད་མེད་སྐོར་ལས། གང་ཟག་སྤྱི་ཚན་དང་སྒེར་ཚན་སོགས་ལ་ལྟོས་ཚུལ་གསུང་སྲོལ་ཡོད་པ་ལྟར། “ འཁོར་བ་ཐོག་མ་མེད་པ་ནས།” ཞེས་པ་སོགས་ཀྱི་ལུང་ལ་ལྟོས་ཏེ་མ་རིག་པ་དེ་དུས་འདི་ཙམ་ནས་འབྱུང་བར་བཤད་མི་ནུས་པས་ཐོག་མ་མེད་པའི་ལུགས་དང་།
ཡང་། འབུམ་ལས། “ བོན་ཐམས་ཅད་སྲིད་པ་ལས་བྱུང༌། སྲིད་པ་རང་གི་རང་བཞིན་ལས་བྱུང༌།” ཞེས་སོགས་ཀྱི་ལུང་ལ་ལྟོས་ཏེ། འཁོར་བར་ཐོག་མ་ཡོད་ཚུལ་གྱི་ལུགས་ལྟར། གང་ལྟར་གང་ཟག་སྒེར་ཚན་གྱི་ཉོན་མོངས་པའམ་སྲིད་པ་གྲོལ་ཕུག་ལ་ལྟོས་ཏེ་ཐོག་མ་འཚོལ་རྒྱུ་ཡོད་པ་དང་། སྤྱི་ཚན་སུ་འཁོར་བ་ནི་དུས་འདི་ནས་བྱུང་ཞེས་བཤད་མི་ཐུབ་པས་ན་ཐོག་མ་མེད་ཞེས་པའི་དོན་མིན་ནམ་སྙམ།
དྲི་བ། འ་ཞའི་ཚད་མ་ཀུན་བཏུས་ལེའུ་བཞི་པ་ལས་རིག་པ་ཙམ་ལ་སྡེ་ཚན་གཉིས་བསྟན་ཅིང་། རྗེས་མ་དེར་ “ ཕྲ་བའི་བློ་གང་ཞིག་” ཅེས་གསུངས་པས་དེའི་དོན་རྣལ་མ་ནི་བློ་གཞི་བཞག་ཅེས་པའི་དོན་ཡིན་ནམ་ཡང་ན་གང་།
ལན། དེ་ནི་ཡུལ་རྟོགས་པའི་བློ་མ་འཁྲུལ་བ་གང་ཞིག་ཟེར་བ་མིན་ནམ་སྙམ་སྟེ། དེའི་ངེས་ཚིག་སྐབས་སུ། རང་གི་རིག་པ་མ་འཁྲུལ་བས་ཡུལ་རྟོགས་པ་དང་འཇལ་བས་ན། རིག་པ་ཚད་མའོ། ཞེས་པར་བརྟག་ན་ཤེས་ནུས།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།
[/su_tab] [su_tab title=”ཧོས་མུ་ཝེར་ཞིའི་ལན།” disabled=”no” anchor=”” url=”” target=”blank” class=””]
དྲི་བ། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། “ འདི་ནི་ཡེ་གཤེན་བླ་ན་མེད་པའི་རྒྱུད་ཡིན། ” ཞེས་པའི་དོན་གང་ཡིན་ནམ།
ལན། མ་རྒྱུད་ཡང་ཉི་མའི་རྒྱུད་འདི་མ་རྒྱུད་ཀྱི་གཞི་ཡེ་སངས་རྒྱུད་བཞིན་གཞན་ལས་ལ་ཤན་འབྱེད་སྟངས་མ་འདྲ་ཞིང་འདིའི་སྐབས། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། ཡེ་གཤེན་རྒྱུད་དང་། ཡེ་གཤེན་བླ་ན་མེད་པའི་རྒྱུད་བཞི་ལས་འདི་ཡེ་གཤེན་བླ་ན་མེད་པའི་རྒྱུད་ཡིན་ཞེས་ཚིག་དངོས་སུ་གསལ་བས་རྒྱུད་བཞི་རུ་ཟླས་ཕྱེས་པའི་ནང་ནས་ཡེ་གཤེན་རྒྱུད་ཡིན་རྒྱུ་དཀའ་འོ།།
དྲི་བ། མེ་སྟོན་མཆོག་གི་མཛད་པའི་དབུ་མའི་རང་འགྲེལ་ལས། “ འོ་ན་བདེན་པ་གཉིས་ཀ་མེད་ན་ཆད་ལྟ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔར་ཡོད་པ་ཕྱིས་མེད་པར་འདོད་ན་ཆད་ལྟའམ་ཡོད་པ་ཆད་པ་ཡིན་ལ། བདེན་པ་གཉིས་ཀ་ཡོད་མ་མྱོང་བས་ཆད་རྒྱུ་མེད་དོ། ། ” ཞེས་པའི་དོན་བདེན་པ་གཉིས་ཚད་གྲུབ་ཏུ་མི་འདོད་པའི་དོན་ཡིན་ནམ་ཡང་ན་གང་།
ལན། གཞི་ཡེ་སངས་རྒྱས་པའི་རྒྱུད། བྱམས་མ་འབུམ་ལྔ། མེ་སྟོན་དབུ་མ། འ་ཞའི་གལ་མདོ་སོགས་ལས། “ གྲུ་མཐའ་སྐུ་དང་ཡེ་ཤེས་མེད་པ་ཡིས། །སྟོང་པ་ཕྱལ་ཆད་སར་གོལ་ནམ་མཁའ་འདྲ། །” ཞེས་དང་། “ རྩལ་མེད་ཡེ་སངས་རྒྱས་པ་ལ། །ལྷ་མེད་སྐུ་དང་ཞིང་ཁམས་མེད། །སྣང་བར་རྟོག་པས་བཀྲིད་པ་ཡིན། །” ཡང་། “བོན་སྐུ་བདེ་བ་ཆེན་པོ་ཉིད། །ཟད་སར་སྐྱོལ་བའི་ཡེ་ཤེས་ཏེ། །མཐར་ཐུག་མཐའ་མེད་སྤྲོས་བྲལ་ངང་། །དེ་བཞིན་ཉིད་དུ་གྱུར་པ་ལ། །སྐུ་དང་ཡེ་ཤེས་གང་ཡང་མེད། །གཟུགས་བརྙན་སྣང་བས་བསླུས་པ་ཡིན། །” ཡང་། “ སངས་རྒྱས་དངོས་ནི་བོན་གྱི་སྐུ། །གཟུགས་སྐུ་གདུལ་བྱའི་སྣང་བ་ཡིན། །རང་གི་ངོ་བོ་གྲུབ་པ་མེད། །” ཡང་། “ ཐལ་བས་རྗེས་ཐོབ་འཁྲུལ་པར་འདོད་པ་དང་། །ཐལ་བས་བདེན་པ་གཉིས་ཀར་དུ་འགོག་གོ །ཐལ་བས་གཞན་སྐྱེ་བདེན་པ་གཉིས་ཆར་མེད་པར་འདོད་པའོ། །” ཞེས་སོགས་གསུངས་པར་བརྟག་ན་ཐལ་འགྱུར་བའམ་མཚན་མ་ཀུན་བྲལ་བས་བདེན་གཉིས་ཚད་གྲུབ་ཏུ་མི་འདོད་ན་མི་སྟོ་སྙམ།
དྲི་བ། བོན་གྱི་སྤྱན་ལྡན་དུ་གྲགས་པའི་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛོད་འགྲེལ་དང་བསེན་འགྲེལ་གལ་མདོ་གསུམ་ལས། འཁོར་བར་ཐོག་ཡོད་དུ་བསྒྲུབས་འདུག་ཀྱང་། སྒ་སྟོན་དང་། ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་ཀྱི་འཁོར་བར་ཐོག་མེད་ལུང་རིགས་གཉིས་ཀྱིས་བསྒྲུབས་འདུག་པས་དོན་ལ་ཐོག་ཡོད་དང་ཐོག་མེད་གང་ཡིན་ནམ།
ལན། བོན་གྱི་སྤྱན་ལྡན་ཆེན་མོས་མདོ་སོཊ་ལས་ཐོག་མེད་གསུངས་པ་ལ་དགོངས་པ་བླངས་ཏེ་འཁོར་བ་དེ་མ་རིག་པ་ལ་བྱས་ན་ཐོག་མ་ཡོད་ཅེས་དགག་བཞག་རྩོད་སྤོང་མཛད་ཡོད་པས་ཐོག་ཡོད་ཐོག་མེད་སྨྲ་བའི་མཁས་རྣམས་དགོངས་པ་མཐུན་ཐབས་བྲལ་ལོ།།
དྲི་བ། འ་ཞའི་གལ་མདོ་ལས། “ མེད་སྐྱེ་བཀག་ཅིང་གལ་ཏེ་མེད་སྐྱེ་ཡོད་ན་བ་སྐམ་ལས་བེའུ་སྐྱེ་བ་ཐལ།” གསུངས་པས། ཐལ་འགྱུར་བའི་ཡན་ཆོད་ཚོས་སྐྱེ་བ་ཚད་གྲུབ་ཏུ་མི་འདོད་དམ་ཡང་ན་དེའི་དོན་གང་།
ལན། མེད་སྐྱེའི་དོན་ནི་དངོས་སྨྲ་རྣམས་ཀྱིས་འདོད་པ་ལྟར་འབྲས་བུ་རྣམས་རང་རྒྱུའི་དུས་སུ་མེད་ཀྱང་གཟོད་སྐྱེ་བར་འདོད་པ་དེ་ཡིན་ཅིང་། དེ་བཀག་ན་དངོས་པོ་བཞག་ཐབས་བྲལ་བས་གཟུར་གནས་ཀྱི་མི་ཞིག་ལ་ཆགས་བཞག་ན་འདི་དཀའ་གནད་ཅིག་གོ
དྲི་བ། འ་ཞའི་ཚད་མ་ཀུན་བཏུས་ལེའུ་བཞི་པ་ལས་རིག་པ་ཙམ་ལ་སྡེ་ཚན་གཉིས་བསྟན་ཅིང་། རྗེས་མ་དེར་ “ ཕྲ་བའི་བློ་གང་ཞིག་” ཅེས་གསུངས་པས་དེའི་དོན་རྣལ་མ་ནི་བློ་གཞི་བཞག་ཅེས་པའི་དོན་ཡིན་ནམ་ཡང་ན་གང་།
ལན། འདིའི་ཚིག་ཟུར་ཕྲ་བ་ཞེས་པའི་ཚིག་འདི་གཞལ་བྱ་དོན་དམ་རྟོགས་བྱེད་ཅིག་དགོས་པ་དང་། བློ་གང་ཞིག་ནི་བློ་གཞི་བཞག་ལ་བྱས་ན་ཚད་མ་ཀུན་བཏུས་ཉིད་ལས་སྤྲོས་མེད་དོན་དམ་བློ་འདས་སུ་བཞེད་པ་ནི་རྗེ་ལྟར་བཞག་ན་མ་གཏོགས་གཞན་དཀའ་བའི་གནས་ཤིག་གོ བསམ་ཚུལ་ཙམ་མོ།།
ཧོས་མུ་ཡེ་ཝེར་ཞི་ནས།
[/su_tab] [su_tab title=”དབྲ་ཚ་ཚང་གི་ལན།” disabled=”no” anchor=”” url=”” target=”blank” class=””]
དྲི་བ་འདི་དག་གི་ལན་གོང་དུ་དྲྭ་གྲོགས་ཁག་གཅིག་གིས་ཕུལ་ཟིན་འདུག་ཀྱང་། དྲི་བ་ཁ་ཤས་ཐད་ལ་འདོད་ཚུལ་མི་མཐུན་པ་འབྱུང་བཞིན་འདུག་པས་འདིར་བསམ་ཚུ་བརྗེ་རེས་དང་གྲོས་གླེང་གི་ཚུལ་དུ་དྲིས་ལན་ཐུང་ངུ་ཞིག་འབྲི་བར་འདོད་དོ། །
དྲི་བ། མེ་སྟོན་མཆོག་གི་མཛད་པའི་དབུ་མའི་རང་འགྲེལ་ལས། “ འོ་ན་བདེན་པ་གཉིས་ཀ་མེད་ན་ཆད་ལྟ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔར་ཡོད་པ་ཕྱིས་མེད་པར་འདོད་ན་ཆད་ལྟའམ་ཡོད་པ་ཆད་པ་ཡིན་ལ། བདེན་པ་གཉིས་ཀ་ཡོད་མ་མྱོང་བས་ཆད་རྒྱུ་མེད་དོ། ། ” ཞེས་པའི་དོན་བདེན་པ་གཉིས་ཚད་གྲུབ་ཏུ་མི་འདོད་པའི་དོན་ཡིན་ནམ་ཡང་ན་གང་།
ལན། མེ་སྟོན་ཆེན་པོས་དེ་ལྟར་གསུངས་པའི་དོན་ནི། བདེན་པ་གཉིས་ཚད་གྲུབ་ཏུ་མིན་པའི་དོན་མ་ཡིན་པར། དབུ་མ་པས་བདེན་པ་གཉིས་ཀ་ལ་ཡུལ་ངོར་ནས་ཅི་ཡང་མེད་པར་འདོད་པ་དེ་ཉིད། ཆད་པར་ལྟ་བའི་དོན་མ་ཚང་པར་བསྟན་པ་ཞིག་ཡིན། དེའི་རྒྱུ་མཚན་ནི་ཆད་ཅེས་པའི་དོན་གཞི་གང་རུང་ཞིག་དང་པོ་ཡོད་ཅིང་ཕྱིས་མེད་པ་ལ་ཆད་བརྗོད་པ་ལས། དང་པོ་ཉིད་ནས་གྲུབ་མ་མྱོང་པ་ལ་ཆད་ཅེས་མི་བརྗོད་པས། བདེན་པ་གཉིས་ཀ་ལ་ཡུལ་རང་ངོར་ནས་དང་པོ་ཉིད་ནས་མ་གྲུབ་པས། དེ་མེད་པ་ལ་ཆད་ཅེས་པའི་དོན་མ་ཚང་པར་བསྒྲུབས་པ་ཡིན་ནོ། །
དྲི་བ། འ་ཞའི་གལ་མདོ་ལས། “ མེད་སྐྱེ་བཀག་ཅིང་གལ་ཏེ་མེད་སྐྱེ་ཡོད་ན་བ་སྐམ་ལས་བེའུ་སྐྱེ་བ་ཐལ།” གསུངས་པས། ཐལ་འགྱུར་བའི་ཡན་ཆོད་ཚོས་སྐྱེ་བ་ཚད་གྲུབ་ཏུ་མི་འདོད་དམ་ཡང་ན་དེའི་དོན་གང་།
ལན། ཐལ་འགྱུར་བས་མེད་སྐྱེ་མི་འདོད་ཀྱང་། སྐྱེ་བ་ཚད་གྲུབ་མི་འདོད་པའི་སྐྱོན་མེད་དེ། མེད་སྐྱེ་ཞེས་པ་ནི་སྤྱིར་འབྲས་བུ་སྔར་མེད་གསར་དུ་སྐྱེས་པ་ཙམ་ལ་ཟེར་བ་མ་ཡིན་པར། དགག་བྱའི་འབྲས་བུ་དངོས་པོ་སྔར་མེད་གསར་དུ་སྐྱེས་པ་ལ་གོ་དགོས་པས། ཐལ་འགྱུར་བས་དགག་བྱའི་འབྲས་བུ་དངོས་པོ་སྔར་མེད་གསར་དུ་སྐྱེས་པ་མི་འདོད་ཀྱང་། སྤྱིར་འབྲས་བུ་སྔར་མེད་གསར་དུ་སྐྱེས་པ་ཡོད་པར་འདོད་པ་ཡིན་པས། སྐྱེ་བ་ཚད་གྲུབ་འཇོག་མི་ཐུབ་པའི་སྐྱོན་མེད་དོ།
རང་རྒྱུད་པས་མེད་སྐྱེ་འདོད་པ་འགྲོ་མགོན་གྱིས་གསུངས་པ་ལྟར་ང་ཚོའི་རིག་པས་བརྟག་ན་གསལ་པོར་མཐོང་ཐུབ་པ་ཞིག་ཡིན་ཏེ། གོང་དུ་བཤད་ཟིན་པ་ལྟར་མེད་སྐྱེ་ཞེས་པ་ནི་དགག་བྱའི་འབྲས་བུ་དངོས་པོ་སྔར་མེད་གསར་དུ་སྐྱེས་པ་ལ་ཟེར་བ་ཡིན་ལ། རང་རྒྱུད་པས་ཀུན་རྫོབ་ཀྱི་བོན་རྣམས་རང་བཞིན་གྲུབ་པར་འདོད་པ་ཡིན་པས། དགག་བྱའི་འབྲས་བུ་སྔར་མེད་གསར་དུ་སྐྱེས་པ་འདོད་པ་ཡིན་པར་བསྙོན་དུ་མེད་དོ། །
དྲི་བ། འ་ཞའི་ཚད་མ་ཀུན་བཏུས་ལེའུ་བཞི་པ་ལས་རིག་པ་ཙམ་ལ་སྡེ་ཚན་གཉིས་བསྟན་ཅིང་། རྗེས་མ་དེར་ “ ཕྲ་བའི་བློ་གང་ཞིག་” ཅེས་གསུངས་པས་དེའི་དོན་རྣལ་མ་ནི་བློ་གཞི་བཞག་ཅེས་པའི་དོན་ཡིན་ནམ་ཡང་ན་གང་།
དྲིས་ལན། སྐབས་འདིར་ཕྲ་བའི་བློ་གང་ཞིག་ཅེས་པ་འདི་ནི། བློ་གཞིར་བཞག་ཞེས་པ་ཙམ་ལ་གོ་མ་ཡིན་པར། རང་རིག་མངོན་སུམ་ལ་གོ་དགོས་པར་སེམས་ཏེ། དེ་ཉིད་ཀྱི་ལེའུ་བཞི་པའི་སྐབས་སུ་གཏན་ལ་དབབ་བྱ་གཙོ་བོ་རིག་པ་ཚད་མ་ཞེས་པ་དེ་ནི་ཚད་མ་དེ་ཉིད་ཀྱི་གཞུང་ནས་བསྟན་པའི་ཚད་མ་དྲུག་གི་ནང་ཚན་རིག་པ་ཚད་མ་དེ་ཉིད་བཤད་པའི་སྐབས་ཡིན་ལ། ཚད་མ་དྲུག་གི་ནང་ཚན་རིག་པ་ཚད་མ་དེ་ནི་རང་རིག་མངོན་སུམ་ལ་གོ་དགོས་པ་ཚད་མ་དེ་ཉིད་ཀྱི་ལེའུ་གསུམ་པ་དང་བཞི་པ་གཉིས་ཞིབ་པར་བཀླག་ནས་གུང་བསྒྲིག་ན་རྟོགས་ནུས་པས་སོ། མ་ཟད་རྗེ་རིན་པོ་ཆེས་ཕྲ་བ་རང་རིག་ལ་སོགས་ཞེས་གསུངས་པ་དེ་ཡང་། འདིར་ཕྲ་བའི་བློ་གང་ཞིག་ཅེས་པ་རང་རིག་ལ་གོ་དགོས་པའི་རྒྱབ་རྟེན་དུ་འགྲོ་བ་ཞིག་རེད་སྙམ།
དབྲ་ཚ་ཚང་ནས།
[/su_tab] [/su_tabs]