ཟེར་མོའི་སྒྲོ་ཚུགས་སོགས་ཀྱི་སྐོར་ལ་དྲི་བ།
དྲི་བ་གནང་མཁན། ཨཾ་འཕན་རབ་གསལ། བཀའ་ལན་གནང་མཁན། རྩོམ་སྒྲིག་པ་དགེ་སྲིད་པའི་མིག
དྲི་བ། ཕོ་སྒོམ་གྱི་ཞལ་ནས། “ཟེར་མོའི་སྒྲོ་ཚུགས། གར་དགའི་ཡུལ་དུ་འཁྱམས། ཅི་དགའི་སྤྱོད་པ་གྱིས། མི་ཕོད་པ་ལ་ཐོག་བརྫིས་ཐོངས་ཤིག” ཅེས་པ་འདིའི་དོན་གང་རེད།
ལན། ཟེར་མོའི་སྒྲོ་ལ་ཕ་རོལ་སེམས་ཅན་གཞན་གྱིས་གནོད་པ་མི་ཐུབ་པའི་རང་སྲུང་གི་ནུས་པ་ཡོད། དེ་ཡང་སྒྲོ་ཐུར་རེ་རེ་བཞིན་མདུང་རྩེ་བཤིབ་པ་ལྟར་ཡར་གཟེངས་ན་གནོད་བྱེད་ཀྱིས་བསྐྱེད་དུ་མི་ཚུགས་པ་ཡིན། དེ་ནི་དཔེ་ཡིན། དོན་དུ་རྣལ་འབྱོར་པས་ཐོག་མར་ཉམས་ལེན་ལ་བརྟན་པོ་དང་གདེང་ཐོབ་པར་བྱེད། གོམས་ཤིང་འདྲིས་པར་བྱེད་དེ་སྤྱོད་པ་ལམ་དུ་འཁྱེར་བ་ལ་དབང་ཐོབ་ཀྱི་ནུས་པ་ལྡན་དགོས་པར་བསྟན། དེ་རྗེས་ཡུལ་ལ་ཆགས་ཞེན་བསྐྱུངས་ནས་ངེས་མེད་དུ་འཁྱམས། འཆར་གཞི་མེད་པའི་སྤྱོད་པ་གང་བྱུང་བ་ལ་དགག་སྒྲུབ་བླང་དོར་མ་བྱེད། གཉན་ཐོག་ཏུ་གཉན་དབབ་ནས་ཐོག་བརྫིས་ཀྱི་སྤྱོད་པ་ཡང་སྤྱོད། ཅེས་པའི་དོན་ཡིན་རྒྱུ་རེད། མདོར་ན་རྣལ་འབྱོར་ལྟ་བ་མཐོ་བ་རྣམས་ཀྱིས་སྤྱོད་པ་ལམ་ཁྱེར་བྱེད་སྟངས་ལ་བསླབ་པའི་གདམས་པ་དེ་འདྲ་ཡིན་པ་འདྲ། ཡང་ཉམས་ལེན་གྱི་ཚད་གཞིས་མ་ཟིན་པ་གང་ཞིག་གིས་ཚིག་རིས་ཙམ་གྱི་རྗེས་འདེད་བྱས་ཏེ་ཕྱི་ཚུལ་གྱི་རྣམ་པ་གང་བྱུང་བསྟན་པ་ཡིན་ཚེ། གཅོད་པའི་སྟངས་ར་སྨྱོན་པས་བྱས་པའི་དཔེ་རུ་འགྱུར་ནས་འདྲེད་འཛུར་ཤོར་ཏེ་མཐའ་རུ་ལྷུང་འགྲོ་བ་ནི་ཐེ་ཚོམ་ཅི་ལ་དགོས།།