ཟང་ཐལ། མ་བཅོས། གདངས་སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། @ཨར་ལྟ་བླ་མАртала
དྲི་བ། ཟང་ཐལ། མ་བཅོས་པ། གདངས། རྩལ། རོལ་པ། དྲི་བ་ལྔ་པོ་འདི་རྣམ་ལུང་རིག་གཉིས་ཀྱི་སྒོ་ནས་འགྲེལ་བ་ཞིག་གནང་རོག་བཀའ་དྲིན་ཆེ་ཞུ།
ལན། སྤྱིར་བཏང་རྫོགས་ཆེན་གྱི་རྣལ་འབྱོར་པ་ཉིད་ལྟ་བུ་ཞིག་ལ་གུས་པས་ཞུ་དགོས་དབེན་ཡང་། རང་འདྲ་འདི་ཚོའི་སྐོར་ལ་རྒྱུས་མངའ་མེད་མཁན་ཚོར་ཕན་པར་ཀུན་ནས་བསླངས་ཏེ་ལན་ཐུང་ངུ་རེ་འབུལ་ན།
༡) ཟང་ཐལ་ཞེས་པ་ནི། སྒྲིབ་གཡོག་གམ་བཀག་ཆ་མེད་པ། ལྷང་ངེ་བའམ་རིག་པ་རྗེན་ནེ་བ་ཞིག་ལ་གོ་བ་འདུག་སྟེ། བསྒྲགས་པ་སྐོར་གསུམ་ལས། “རིག་པ་ཕྱི་ནང་མེད་དེ་ཟང་ཐལ་དུ་འདུག་པས། ཡེ་ཤེས་ལ་ཤར་ནུབ་མེད་པ་ཡིད་ཆེས།” ཞེས་དང་། ཡང་དེ་ཉིད་ལས། “དབྱེར་མེད་དུ་འདུག་པས་ཟང་ཐལ་དུ་གྲོལ།” ཞེས་དང་། “བཅུ་པ་ནི་ཕྱི་ནང་གཉིས་སུ་མེད། ཅེས་པ། སྒྲིབ་གཡོག་དང་བྲལ་བས། བོན་ཉིད་ཟང་ཐལ་གྱི་དབྱིངས་སོ།” །ཞེས་དང་། ལྟ་བ་ཐོག་འབེབ་ལས། “རིག་པ་བྱང་ཆུབ་སེམས་ཉིད་དེ། མ་བཅོས་ཙན་ནེ་ཅོག་གེ་གང་ལ་ཡང་མི་གཡོ་མི་འཕྲོ་ན། རང་འབྱུང་ཡེ་ཤེས་ཟང་ཐལ་ཡིན།” །ཞེས་དང་། ནམ་མཁའ་འཕྲུལ་མཛོད་ལས། “ཟང་ཐལ་ནི་དུས་གསུམ་གྱིས་མ་བསྒྲིབས་པས་ཟང་ཐལ་ཏེ། སྙིང་པོ་ལ་སྐྱེ་འགག་མེད་པའི་ཡོན་ཏན་ནོ། །” སོགས་ཀྱིས་མཚོན་ནོ།།
ལན། ༢) མ་བཅོས་པ་ཞེས་པ་ནི། རྣམ་རྟོག་དང་མཚན་པ་གཡོ་རྩོལ་སོགས་ཀྱི་རྗེས་སུ་སེམས་མི་འབྲང་པར་རིག་པས་རིག་པ་ལ་སྲ་ཐང་ངེར་་ལྟ་བ་ཞིག་ལ་གོ་བ་འདུག་སྟེ། གལ་མདོ་ལས། “མ་གཡོས་ཤིང་མ་བཅོས་པའི་དཔེ་རྒྱ་མཚོའི་རུས་སྦལ་བསྐུམས་པའམ་གསེར་རྡོ་བོར་བ་ལྟ་བུའོ།” །ཞེས་དང་། ལྟ་བ་ཐོག་འབེབ་ལས། “རྣམ་རྟོག་མ་བཅོས་རང་སར་བཞག །ཡེ་ཤེས་ཕུན་སུམ་ཚོགས་པར་འབྱུང་།” །ཞེས་པ་སོགས་ཀྱིས་ཤེས་ནུས།
ལན། ༣) གདངས་ཞེས་པ་ནི། རིག་པའི་རང་འོད་དམ་རང་མདངས། རང་སྣང་སོགས་ལ་གོ་བ་འདྲ་སྟེ། ཉམས་རྒྱུད་ལས། “རང་སྣང་ལ་ཤར་བའི་འོད་སེར་པོ་དེ་ཡང་རིག་པའི་རང་གདངས་ཡིན་པས། རིག་པའི་ཡེ་ཤེས་གཞིའི་ངོ་བོ་གྲོལ་བའི་རང་གདངས། དག་སྣང་ནུས་པའི་རྩལ་ལས་སྣང་བའི་རང་འོད་ལྔ་ཤར།” །ཞེས་དང་། ནམ་མཁའ་འཕྲུལ་མཛོད་ལས། “རྣམ་རྟོག་ཐམས་ཅད་རང་གདངས་ཆེན་པོ་ཡིན། །དེ་ལྟར་ཤེས་བྱ་ཡང་དང་ཡང་དུ་བསམ།” །ཞེས་དང་། དྲན་པ་གསེར་གདམས་ལས། “སྣང་བ་རང་གདངས་ཡིན་པས་དངོས་བཅས་ག་ལ་ཡིན།” །ཞེས་དང་། ཡང་། “བོན་ཉིད་ཐིག་ལེ་ཉག་གཅིག་ད་ལྟ་རང་གི་ཙི་ཏ་དཀྱིལ་ན་བཞུགས་ཏེ་ཡོད། དེའི་གདངས་ཕྱིར་འཆར་བ་ཡིན། རང་གི་མིག་གིས་ཅི་ཡང་མཐོང་སྟེ། ཅི་ཡང་གསལ་བ་དེ་ཡིན།” །ཞེས་དང་། ཡང་དེ་ཉིད་ལས། “རིན་ཆེན་སྣ་ལྔའི་གདུགས་ཟེར་བ་ནི། རང་རིག་ཀུན་བཟང་གི་གདངས་ལ། འོད་ལྔ་རང་ཆས་སུ་ཡོད་པས་གཏིབས་པ་ལ་ཟེར་བ་ཡིན།” ཞེས་པ་སོགས་ཀྱིས་བསྟན་ནོ།།
ལན། ༤) རྩལ་ཞེས་པ་ནི། སྒྲ་འོད་ཟེར་གསུམ་སྟེ་སྣང་བའི་རྩལ་གསུམ་དང་རྩལ་དྲུག་སོགས་གསུངས་པ་མང་པོ་ཡོད་ཀྱང་། མདོར་ན་རང་རིག་པའི་ངོར་བདེ་སྡུག་སྣང་བ་ཐམས་ཅད་འབྱུང་རུང་མ་འགག་པར་རང་ཆས་སམ་རིག་པ་དེ་ལས་འདའ་ས་མེད་པར་དེ་ཉིད་རང་དུ་འདུག་པ་ཞིག་ལ་གོ་བ་འདྲ་སྟེ། ཉམས་རྒྱུད་ལས། “སྐུ་གསུང་ཐུགས་ཀྱི་རྩལ་གསུམ་ལས། ཡོན་ཏན་འཕྲིན་ལས་ཐམས་ཅད་ཤར།” །ཞེས་དང་། མ་བུ་རྩལ་གསུམ་བསྟན་སྐབས། ཡང་དེ་ཉིད་ལས། “རང་ཤར་རང་གྲོལ་རྒྱ་མཚོའི་རྦ་རླབས་ལྟ་བུར་ངོ་སྤྲོད་ཅིང་ཡེ་ཤེས་ཀྱི་རྩལ་དུ་ཤེས་པར་བྱའོ།།” ཞེས་དང་། བསྒྲགས་པ་སྐོར་གསུམ་ལས། སེམས་དོན་བཅུའི་གདམས་པ་བསྟན་པའི་སྐབས་སུ། “དྲུག་པ་སེམས་ཀྱི་རྩལ་བསྟན་པ་ནི། བླ་ན་མེད་པའི་བྱང་ཆུབ་ནི་སེམས་ཀྱི་རྩལ་ཞེས་བྱའོ།” །ཞེས་དང་། ནམ་མཁའ་འཕྲུལ་མཛོད་ལས། “སེམས་ཀྱི་རྩལ་གང་ཡིན་ན། ཕ་རོལ་གྱི་སེམས་ཤེས་པ་ལས་སོགས་ཏེ་མངོན་པར་ཤེས་པ་ལྔའོ།” །ཞེས་པ་སོགས་ཀྱིས་ཅུང་གོ་ཐུབ་དྲན།
ལན། ༥) རོལ་པ་ཞེས་པ་ནི། ད་ལྟའི་སེམས་ཀྱི་ཆོ་འཕྲུལ་ལམ་སྣང་བ་སྣ་ཚོགས་པ་རྣམས་མ་འགག་པར་ཁྲ་ལམ་མེར་འཆར་བཞིན་པ་འདི་ལ་གོ་བ་འདྲ་སྟེ། རྫོགས་ཆེན་ལྟ་བ་ཐོག་འབེབ་ལས། “དེ་ལྟར་སྒོ་གསུམ་ཡེ་ནས་སྐུ་གསུམ་ལ། །མ་འགག་རང་ཤར་བོན་ཉིད་རོལ་པ་ཡིན།” །ཞེས་དང་། ཡང་། “སེམས་བཅོས་བསླད་མེད་པའི་ངང་བསྲིང་སྟེ། གྲོལ་ལམ་གྱི་རྩེ་མོ། སྣང་ཚད་གདོད་ནས་བོན་ཉིད་རོལ་པ་སྟེ།” །ཞེས་དང་། ཉམས་རྒྱུད་ལས། “སྐྱེ་མེད་ངང་ལས་རོལ་པ་ཅིར་ཡང་འཆར། །བདག་འཛིན་བློ་རྟོག་སྲུང་མ་དམ་ཅན་ཚོགས། །སྐུ་གསུང་ཐུགས་མཆོག་ཡེ་ཤེས་ལྔ་ལྡན་སྲས།” །ཞེས་དང་། ཀུན་བཟང་མཉམ་ཉིད་རྒྱུད་ལས། “རོལ་པ་ཅིར་འཆར་ཤེས་པའི་རྒྱན། །མ་སྤངས་རང་གྲོལ་དགོངས་པར་བཞག” །ཅེས་དང་། རྫོགས་ཆེན་གལ་མདོ་ལས། “འཁོར་འདས་ཀྱི་གཞི་བོན་ཅན། ཇི་བཞིན་ཉིད་ཀྱི་སྙིང་པོ་ཡིན་ཞིང་གཏན་མེད་མ་ཡིན་ཏེ། རོལ་པ་འགག་པ་མེད་པའི་ཕྱིར། མཁའ་ལ་ཉི་ཟླ་ཤར་བཞིན་ནོ། །” ཞེས་སོགས་ཀྱིས་སྒྲུབ་བོ།།