ཞབས་བརྟན་གཡུང་དྲུང་རྟགས་བརྒྱད།
རྩོམ་བྲིས་པ། དགེ་བཤེས་འོད་ཟེར་རྒྱལ་མཚན།
བོན༵་གནས་ཞིང་མཆོག་གངས་ཅན་ཁ་བའི་ཡུལ་གྲུ་རུ། །
རྒྱ༵་བོད་མཁས་མང་རྒྱུན་སྐར་གྲངས་སུ་ཕེབས་པ་ལས། །
ད༵གེ་ལེགས་འབུམ་ལྡན་སྟོན་ཟླའི་འོད་ཟེར་འཁུ་བའི་གཤེན། །
ལྷུན༵་གྲུབ་རང་བྱུང་རྒྱ༵་མ༵ཚོའི་དབྱིགས་ནོར་སྤྱི་བོར་མཆོད། །
རྨ་ཡུལ་དགེ་བཅུ་ས་ཡི་ཐིག་ལེའི་འཕངས་བ་རུ། །
ངོ་མཚར་ལྟས་བཅས་གཟུགས་སྐུའི་གྲིབ་བསིལ་འཆར་བ་ཡིས། །
འགྲོ་བ་རང་ཁའི་ཚ་གདུང་ཉོན་མོངས་རེ་ཞིག་འཇོམས། །
བླ་མེད་ཁྱད་ནོར་སྲིད་པའི་གདུག༵ས་ཀྱིས་ཞབས་བརྟན་གསོལ། །
ཞང་བོད་བཅུ་རིག་ཀླུ་ཡི་གྲོང་ཁྱེར་ཡངས་པ་ན། །
རིག་གྲོལ་སྔོན་བྱོན་གྱེར་སྤུངས་ཐུགས་ཀྱི་རླབས་རྒྱུན་གྱིས། །
རྣམ་དཔྱོད་སྐྱེས་སྟོབས་རིག་པའི་གཤོག་གར་ཁྱོན་དུ་བསྒྱུར། །
མཚོ་བྱུང་རིན་ཆེན་དོན་གྱི་གསེར༵་ཉས༵་ཞབས་བརྟན་གསོོལ། །
ཕན་བདེའི་ལམ་བཟང་དགེ་བཅུའི་ཞིང་གི་ལྗང་ཚལ་དུ། །
རིས་མེད་དག་སྣང་གཞུང་ལུགས་ཀུན་ལ་ས་བོན་བསྐྲུན། །
འཆམ་མཐུན་ངོ་མཚར་དཔལ་གྱི་འདབ་སྟོང་ཞིང་འདིར་རྒྱས། །
དྲི་མེད་རང་བྱུང་མདངས་ལྡན་པ༵དྨས༵་ཞབས་བརྟན་གསོལ། །
བསྟན་འཛིན་མཁས་མང་དབྱར་གྱི་རྩི་ཐོག་རྒྱས་པའི་དྲུང། །
ཐོས་བསམ་སྒོམ་སྒྲུབ་མི་ཟད་ཆུ་བོའི་རྒྱུན་བཞིན་འབེད། །
གྲགས་སྙན་དཀར་པོས་ཕྱོགས་ཀྱི་གླིང་བཞིའི་གོ་ལ་ལྡིར། །
མི་ཟད་མཆོག་གྱུར་སྒྲ་རྒྱལ༵་དུང༵་གིས་ཞབས་བརྟན་གསོལ། །
ཕྱི་ནང་གསང་གསུམ་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་དབུས། །
བསྙེན་སྒྲུབ་ལས་གསུམ་གྲུབ་པའི་རྟགས་མཚན་དུ་མ་ཡི། །
འགྲོ་བ་བློ་ཡི་སྡུག་བསྔལ་ཟུག་ངུ་འཇོམས་པའི་མཆོག །
རྒྱལ་བའི་ཐུགས་བཅུད་བདུད་བརྩི་བུམ༵་པ༵ས་ཞབས་བརྟན་གསོལ། །
ཆབ་དཔལ་རིག་གསུམ་ཁོ་ལག་འདབ་སྟོང་རྒྱས་པའི་ཞིང་། །
གང་ལ་གང་འདུལ་འགྲོ་བློའི་ཡིད་དང་འཚམས་པར་མཛད། །
དེ་ཕྱིར་མགོན་ཁྱེད་ས་ཆེན་གླིང་འདིའི་སྤྱི་ནོར་བསྔགས། །
ཞི་བདེའི་མཐུན་སྒྲིལ་གསེར་གྱི་དཔལ༵་བེའུས༵་ཞབས་བརྟན་གསོལ། །
མི་དམིགས་དགོངས་རླབས་ཀུན་སྣང་རིག་པའི་ཁྱེའུ་བཞིན། །
མི་རྟོག་ཀློང་སྒོམ་བླ་ཆེན་དྲན་པ་མངོན་བྱོན་གཤེན། །
མི་ཤིག་སྐུ་ལ་ལུང་རྟོགས་ངོ་མཚར་ཁྱད་མངའ་བའི། །
མི་ནུབ་གཡུལ་ལས་རྒྱལ༵་བའི་མཚ༵ན་མས་ཞབས་བརྟན་གསོལ། །
སྐུ་ཡི་བཀོད་པ་རི་དབང་བཞིན་ཏུ་གནས་པ་དང་། །
གསུང་གི་བྱིན་རླབས་དབྱར་གྱི་ཆུ་གཏེར་འཕེལ་དང་ལྷན། །
ཐུགས་ཀྱི་འགྲོ་དོན་ཕྱོགས་མེད་གླིང་འདིར་རྒྱས་པའི་ཕྱིར། །
སྟོབས་མཆོག་ཡིད་བཞིན་གསེར་གྱི་འཁོར༵་ལོས༵་ཞབས་བརྟན་གསོལ། །
ཞེས་བཀྲ་ཤིས་པའི་རྟགས་བརྒྱད་དང་ཐེག་པ་རིམ་དགུའི་གྲངས་སུ་བརྒྱན་པའི་དད་ཕྱག་གི་མཆོད་སྤྲིན་ཆུང་ངུ་འདི་ཉིད་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་གྱེར་བསྟན་རིན་པོ་འདི་ཉིད་ཉག་ཕྲའི་སྐབས་སུ་བསྟན་དང་བསྟན་པར་བཀའ་དྲིན་བླ་མེད་ཆེ་བ་དང་། ཡོངས་སྒོས་སུ་ཡུལ་མདོ་སྨད་ས་ཡི་ཐིག་ལེའི་གྱེར་བསྟན་གྱི་མངའ་བདག་ཆེན་མོ་དང་མཁས་བཙུན་བཟང་གསུམ་གྱིས་བརྒྱན་པའི་༸ རྗེ་བོན་རྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་འདི་ལོར་དགོངས་གྲངས་བརྒྱད་བཅུར་ཕེབས་པའི་སྐུ་ཡི་གྱ་སྟོན་དུ། ༸གོང་ཉིད་ལ་མི་ཕྱེད་དད་པའི་སྤུ་ལོང་གཡོ་བའི་ཞབས་འབངས་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་གྱིས་ནུབ་ཕྱོགས་འཇར་མན་ནིའི་འབྲས་ལྡན་གྲོང་ནས་གུས་ཕྱག་དང་བཅས་ཏེ་ཕུལ།། །།