ཞང་སྐད་དུ་བྲིས་པའི་དཔེ་ཆ་རྙིང་པ་དེ་འདྲ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་དམ།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། ཉི་མ།
དྲི་བ། ཞང་སྐད་དུ་བྲིས་པའི་དཔེ་ཆ་རྙིང་པ་དེ་འདྲ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་དམ།
ལན། སྤྱིར་གཡུང་དྲུང་བོན་གྱི་གཞུང་ལུགས་ཀླུ་འབུམ་དང་མདོ་མང་། སྲིད་པའི་མཛོད་ཕུག་དང་མ་རྒྱུད་རྣམས་སུ་ཞང་སྐད་དུ་བྲིས་པའི་དཔེ་རྙིང་གང་མང་ཞིག་བཞུགས་ཡོད་ལ། ལྷག་པར་ལོ་ཤས་སྔོན་མངའ་རིས་ཕྱོགས་ནས་ཞང་ཞུང་སྨར་ཡིག་གི་རྡོ་བརྐོས་ཞིག་བརྙེད་སོན་བྱུང་ནས་ཚན་རིག་པས་དེར་དཔྱད་ཞིབ་བྱས་མཐར་ལོ་ངོ་བཞི་སྟོང་ལྷག་གོང་གི་ཡི་གེ་ཡིན་པར་ར་སྤྲོད་བྱས་ཡོད། དེ་དང་མཚུངས་ཉེ་ཆར་བོད་ལྗོངས་མངའ་རིས་ས་ཁུལ་ནས་བྲག་བརྐོས་རི་མོའི་ནང་དུ་སྨར་ཡིག་རྙེད་ཡོད་སྐོར་གྱི་གནས་ཚུལ་ཤིན་ཧྭ་གསར་འགྱུར་ལས་ཐོན་པར་ལུང་འདྲེན་བྱ་ན། “སྨར་ཡིག་གི་འབྱུང་གནས་གནའ་བོའི་ཞང་ཞུང་རྒྱལ་པོའི་རྒྱལ་ཁབ་སྟེ། ད་ལྟའི་མངའ་རིས་ས་ཁུལ་ནས་བྲག་ངོས་རི་མོའི་ནང་དུ་སྨར་ཡིག་གི་རྗེས་ཤུལ་རྙེད་བྱུང་། བྲག་ངོས་ཀྱི་རི་མོ་དེ་དག་ནི་སྤྱི་ལོ་སྔོན་གྱི་མི་ལོ་ཆིག་སྟོང་ཡར་སྔོན་གྱི་རི་མོ་རེད། གསར་རྙེད་འདིས་བོད་ཀྱི་ཡི་གེ་བྱུང་ལོ་དེ་མི་ལོ་སྟོང་ཚོ་གཉིས་ཙམ་སྔ་སྣུར་བྱས་ཡོད།” ཅེས་པ་འདི་དག་གིས་ཞང་ཞུང་གི་སྐད་དང་ཡི་གེ་ནི་ཆེས་རྙིང་གྲས་ཀྱི་སྐད་ཡིག་ཅིག་ཡིན་པ་ཤེས་ནུས། །