ཞང་སྐད་དུ་གཞི་ལམ་འབྲས་གསུམ་ལ་གང་ཟེར།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཁ་བའི་བུ།
དྲི་བ། ཞང་སྐད་དུ་གཞི་ལམ་འབྲས་གསུམ་ལ་གང་ཟེར།
ལན། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་གཞི་ཡེ་སངས་དང་། ལམ་མངོན་སངས། འབྲས་བུ་རྫོགས་སངས་བཅས་བསྟན་སྐབས། ཐོག་མར་ཞང་སྐད་དུ་གཞི་ཡེ་སངས་ལ་ “ཀུ་ཤུ་ཧ་སངས་གྱིན” ཞེས་དང་། ལམ་མངོན་སངས་ལ་ “སམ་རྒྱུ་ད་སངས་གྱིན” ཞེས་དང་། འབྲས་བུ་རྫོགས་སངས་ལ་ “ཁྲི་ཙེ་སླིག་སངས་གྱིན” ཞེས་གསུངས་ཡོད།
དེ་དང་མཚུངས་པར་སྲིད་པའི་མཛོད་ཕུག་དང་ཞུ་ཡི་སྒྲ་སྡེབ། དེ་བཞིན་ཕྱིས་བྱུང་བོད་རིག་པའི་མཁས་པ་འགས་བསྒྲིགས་པའི་ཞང་བོད་ཚིག་མཛོད་རྣམས་སུ་གཞི་དང་ཀུན་གཞི་ལ་ “ཀ་ཤུ་འམ” “ཀུ་ཤུ་” དང་དེ་བཞིན་བརྟན་གཞི་ཞེས་པར་ “ཏན་ཤུ” སོགས་མཇལ་དུ་ཡོད་པས་དེས་ན་འདིར་ཤོད་བཞིན་པའི་ “ཤུ” ཞེས་པ་ནི་གཞི་ཡི་དོན་དང་། “ཀ་ཤུའང་ཀུ་ཤུ་” ནི་གཞི་ཉིད་ཅེས་པའི་དོན་མིན་ནམ་སྙམ།
དེ་བཞིན་གོང་དུ་ལམ་གྱི་དོད་དུ་ “སམ་རྒྱུ་” ཞེས་བྱུང་བ་ལྟར་སྲིད་པའི་མཛོད་ཕུག་སོགས་གོང་སྨྲས་ཡིག་ཆ་རྣམས་སུ་ཐར་པའི་ལམ་ལ་ “ལྒྱུ” (མ་ཡིག་རྣམས་སུ་ལ་ག་བཏགས་ག་ཡ་བཏགས་ཡིན་ཡང་རྩིས་འཁོར་དུ་བཏགས་མ་ཐུབ།)འམ་ཡང་ན་ “ཏིང་ལྒྱུ” ད་དུང་ཐར་པའི་ལམ་ཞེས་པར་ “ཐ་ཏུ་ལྒྱུམ་ཞི” སོགས་གསུངས་འདུག་པས། དེས་ན་གོང་གི་ “རྒྱུ་” ཞེས་པ་དེ་ “ལྒྱུ” ཡིན་ཚེ་ལམ་ཞེས་པ་དང་། “སམ་རྒྱུ”འམ་ “སམ་ལྒྱུ” ནི་ལམ་ཉིད་ཅེས་པའི་དོན་ཡིན་པར་སྙམ།
དེ་མཚུངས་གོང་གི་ “ཁྲི་ཙེ་” ཞེས་པ་ནི་མཛོད་ཕུག་སོགས་ནས་འབྲས་བུའི་དོད་དུ་ “ནེ་ཁྲི” དང་། “ཁྲི་ཅུག” “ཁྲི་ཙུན” ད་དུང་འབྲས་བུ་བཟང་པོ་ཞེས་པའི་དོན་དུ་ “ཁྲི་ཙེ་སྨར” སོགས་གསུངས་པས། དེས་ན་འདིར་འཆད་བཞིན་པའི་ “ཁྲི་” ནི་འབྲས་བུའི་དོན་དང་། “ཁྲི་ཙེ་” ནི་འབྲས་བུ་ཉིད་ལྟ་བུར་གོ་དགོས་པ་འདྲ།
གང་ལྟར་ཞང་ཞུང་སྐད་དུ་ “ཀུ་ཤུའམ་ཀ་ཤུ” ནི་གཞི་ཞེས་པ་དང་། “སམ་རྒྱུའམ་སམ་ལྒྱུ” ཞེས་པ་ལམ། དེ་བཞིན་ “ཁྲི་ཙེའམ་ནེ་ཁྲི་” ཞེས་པ་ནི་འབྲས་བུའི་དོན་ཡིན་ནོ།། །།