ཞང་རྒྱལ་བྱ་རུ་ཅན་སོགས་ཀྱི་སྐོར་ལ་དྲི་བ་ལྔ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། འབྲོག་ཁ་མང་།
དྲི་བ། ༡༽ བྱ་རུ་ཅན་གྱི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ནི་སྟོན་པ་གཤེབ་རབ་མི་བོ་ཆེ་ཡི་སྐུ་ཚེའི་སྨད་ལ་བྱུང་བ་ཞིག་ཡིན་པ་གསུངས་པ་ནི་ཁྲི་ཝེར་ཉིད་སྟོན་པའི་དངོས་སློབ་ཡིན་ལུགས་དང་སྦྱིན་བདག་མཛད་ཚུལ་སོགས་གང་ལ་བརྟག་ནའང་རིག་པས་གྲུབ་བམ་སྙམ། ཡིན་ན་བྱ་རུ་ཅན་གྱི་རྒྱལ་པོ་མུ་མར་ཐོག་རྒོད་རྒྱལ་པོ་ཨཎ་འོད་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་ནི་གཙུག་ཕུད་རྒྱལ་བས་མཛད་ཅེས་གསུངས་ཤིང་། བསྟན་འབྱུང་སྐལ་བཟང་མགྲིན་རྒྱལ་གྱི་ནང་དུ། གཙུག་ཕུད་རྒྱལ་བ་ནི་གནམ་གྱི་ཁྲི་བདུན་རིང་བྱུང་བ་འདོད། དཔྱད་ཡིག་ལས་ཨཎ་འོད་ཀྱི་བྱ་རུ་ཅན་ནི་བྱ་རུ་བཅོ་བརྒྱད་ཀྱི་ཐ་མ་འདྲ་བོ་བཞག་འདུག བྱ་རུ་ཅན་གྱི་རྒྱལ་པོ་དག་ནི་རེ་འགའ་གཉིས་ཙམ་དུས་གཅིག་ལ་བྱུང་བའང་མཁས་པ་ལ་ལས་གསུང་བཞིན་འདུག་པས་ན་དེ་དག་བྱུང་དུས་ནི་ཁྲི་བདུན་རིང་དང་དེ་ལས་ཅུང་སྔ་ཙམ་གྱི་དུས་ལ་བྱུང་བ་ཡིན་ནམ་ཅི། དེའི་སྐོར་ནས་བཀའ་སློབ་ཅིག་གནང་རོགས་ཞུ་ཞུ།
ལན། ༡) ལོ་རྒྱུས་ཀྱི་དུས་རིམ་གང་ལ་གཞིག་ཀྱང་ཞང་རྒྱལ་དེ་ཚོ་འགའ་ཤས་གཏན་གཏན་དུས་རིམ་གཅིག་གི་ཁོངས་སུ་བྱུང་བ་ཡིན་ཆོག་ས་རེད། འོན་ཀྱང་ད་དུང་བརྟག་དགོས་སའང་མང་པོ་ཡོད་རྩང་འདི་དང་དེའོ་ཞེས་གྲིས་བཅད་པ་འདྲ་ཞིག་ད་ལྟའི་ཆར་ཤོད་དཀའ་མོ་རེད། ལོ་རྒྱུས་ཁག་ལ་གཞིག་ན་ཞང་རྒྱལ་མཐའ་མ་དེ་བོད་རྒྱལ་ཁྲི་སྲོང་གིས་བཀྲོངས་བའི་ལིག་མིན་རྐྱ་ཞུ་བ་དེ་ཡིན་དགོས་འདུག ཡིན་ནའང་ཁོང་གི་མཚན་ཆ་ཚང་ལ་ཨཎྲ་འོད་ཀྱི་བྱ་རུ་ཅན་ཞུ་མིན་མ་ཤེས། འདི་ཚོ་བྱོན་པའི་དུས་རིམ་བོན་ལུགས་ཀྱི་སྟོན་པ་དང་བསྟན་པ་བྱུང་ཚུལ་ལྟར་བྱས་ན་ཕྱི་ལོའི་གོང་གི་ལོ་ ༡༣༥༡༦ གོང་ནས་ཕྱི་ལོ་ ༧༡༨ ཡས་མས་བར་ཡིན་པར་འདོད།
དྲི་བ། ༢༽ དེ་ལྟར་ད་ཡོད་དཔྱད་ཡིག་དག་གུང་བསྒྲིགས་ཏེ་དཔྱད་ན་སྟོན་པ་འཁྲུངས་ནས་ད་བར་མི་ལོ་བཞི་སྟོང་ལ་ཉེ་བ་སོང་བ་བཞེད་པ་དེ་དོན་ལ་གནས་སམ་ཅི། ཡང་། སྟོན་པ་ནས་གཉའ་ཁྲིའི་བར་མི་རབས་བདུན་ཙམ་སོང་ཞེས་གསུངས་པར་གཞིག་ན་ཡང་ཏག་ཏག་དེ་ཙམ་བསྡད་ཀི་མེད་པ་འདྲ་བོ་ཞིག ཡང་དེའི་སྐོར་ནས་བཀའ་སློབ་ཅིག་གནང་རོགས་ཞུ་ཞུ།
ལན། ༢) སྤྱིར་བཏང་ཆོས་ལུགས་དེའི་སྟོན་པ་དང་མཛད་པ་འཕྲིན་ལས་དག་གླེང་ཚེ་ཕར་རོལ་པོའི་བློ་དང་འཚམས་མིན་དང་། དེང་རབས་ཀྱི་མི་ཆོས་རིག་པ་ལ་སོགས་ལ་མཐུན་མིན་གཙོ་བོར་མི་ལྟ་བར་ཆོས་ལུགས་དེའི་དཔེ་ཆ་ལ་གཞི་བཅོལ་ནས་བཤད་ན་ཁུངས་དག་པ་ཞིག་ལོས་ཡིན་སྙམ། འོན་ཀྱང་དུས་ཀྱི་འགྱུར་འགྲོས་དང་ཕན་ཚུན་ལྟོས་མཚུངས་མང་པོ་ཞིག་གིས་གླེང་སྟངས་སྣ་མང་ཞིག་ཡོང་བཞིན་པ་ནི་མཐོང་གསལ་ཡིན། དཔེར་ན། བརྗོད་བྱ་འདི་དང་སྦྲེལ་ན་མཁས་དབང་ནམ་མཁའི་ནོར་བུས་སྟོན་པ་གཤེན་རབ་ཕྱི་ལོའི་སྔོན་གྱི་ལོ་ ༡༩༡༧ ལོར་འཁྲུངས་པར་འདོད། ཅི་སྟེ་འདི་དག་བདེན་དགོས་ཚེ་ད་ལྟའི་བར་ལོ་ ༤༠༠༠ མ་ཟིན་ཙམ་ཞིག་རེད། བོན་གྱི་ལོ་རྒྱུས་ལྟར་ན་གཉའ་ཁྲི་བཙད་པོ་ཕྱི་ལོའི་གོང་གི་ལོ་ ༡༡༣༦ ལ་འཁྲུངས། བོན་གྱི་བསྟན་འབྱུང་རྣམས་སུ་བོད་རྒྱལ་མུ་ཁྲི་བཙན་པོས་སྟོན་པའི་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་ནས་མི་རབས་བརྒྱད་པ་དམུ་གཤེན་ཁ་སྤོ་མི་སྤོ་ཞང་ཞུང་ནས་གདན་དྲངས་པའི་ལོ་རྒྱུས་ཡོད་པར་བསམ་ཚེ། ཁྱེད་ཀྱིས་གསུངས་པའི་ད་ལྟའི་བར་མི་ལོ་བཞི་སྟོང་དང་། སྟོན་པ་ནས་གཉའ་ཁྲིའི་བར་མི་རབས་བདུན་སོང་བ་བཅས་ཕན་ཚུན་མཐུན་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོས་ངེས་དགོས་པ་གལ་ཆེན་ཞིག་ནི། དམུ་གཤེན་ཁ་སྤོ་མི་སྤོ་ལ་སོགས་ནི་ཚེ་ཡི་རིག་འཛིན་བརྙེས་ནས་གནམ་གྱི་ཁྲི་བདུན་རིང་དབུ་བླར་བཞུགས་པ་དང་། གྲི་གུམ་སྐབས་སུ་ཤར་ཕྱོགས་གཙང་ཁའི་ཡུལ་དུ་གཤེགས་ནས་བསྟན་པ་རྒྱ་ཆེར་འཕེལ་བར་གསུངས་པར་བསམ་ཚེ། གོང་གི་ཀོང་ཚ་དབང་ལྡན་ནས་འདི་ཉིད་བར་མི་རབས་ཇི་ཙམ་སོང་མིན་ལའང་བརྟག་དགོས་པ་ཞིག་རེད་དྲན།
དྲི་བ། ༣༽ ཁྲི་བདུན་རིང་བྱུང་བའི་བྱ་རུ་ཅན་གྱི་རྒྱལ་པོ་མཐའ་མ་དང་སྲོང་བཙན་སྐབས་ཡིན་པ་འདོད་པའི་ལིག་མི་རྐྱའི་བར་གྱི་དུས་ཚོད་དེ་དག་རིང་ཞང་རྒྱལ་གང་འདྲ་བྱུང་ཡོད་དམ་ལགས།
ལན། ༣) བྱ་རུ་ཅན་གྱི་རྒྱལ་པོ་མཐའ་མ་དེ་སྲོང་བཙན་སྐབས་མིན་པར་ཁྲི་སྲོང་སྐབས་སུ་དྭངས་རའི་གསེར་ཆུང་དང་དུང་ཆུང་ཕྱོགས་སུ་སྐུ་བཀྲོངས་པ་དེ་རེད། བོན་གྱི་ལོ་རྒྱུས་རྣམས་སུ་སྟོན་པ་ཞང་ཞུང་ནས་བོད་དུ་ཕེབས་སྐབས་གངས་ཏི་སེའི་མདུན་ག་ལྗང་གཡུ་ལོ་རྫོང་དུ་ཞང་ཞུང་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ལ་ཁྲི་རྗེ་ལུང་བསྟན་ཀྱི་མདོ་གསུངས་པར་བཤད་པ་ལྟར་ན། སྐབས་དེ་ཤེད་ནས་ཕྱིས་སུ་གོང་ཞུས་བོད་རྒྱལ་ཁྲི་སྲོང་གིས་སྐུ་བཀྲོངས་བའི་ཞང་རྒྱལ་ལིག་མིན་རྐྱ་བར་བྱུང་བ་ཞིག་ཡིན་ས་རེད། འོན་ཀྱང་རྒྱལ་པོ་གཅིག་ཚེ་འཕོས་པའི་རྗེས་སུ་གཅིག་གིས་རྒྱལ་ས་གཞི་ནས་བཟུང་བ་ལྟ་བུ་ནི་ཡིན་ས་མ་རེད་སྙམ།
དྲི་བ། ༤༽ ཡང་། སྟོན་པ་གཤེན་རབ་མི་བོ་ཆེ་ནས་སྤྲུལ་སྐུ་དྲིན་ཆེན་རྣམ་གཉིས་ཀྱི་ཡ་གྱལ་གུ་རུབ་སྣང་བཞེར་ལོད་པོ་བར་བླ་རབས་ཉེར་ལྔ་བྱུང་བ་གསུངས་ཤིང་། གུ་རུབ་སྣང་བཞེེར་ལོད་པོ་ནི་རྒྱལ་ལོ་ལིག་མི་རྐྱའི་དུས་སུ་བྱུང་བ་འདོད་ཅེས་གསུངས། དེ་ལྟར་གུང་བསྒྲིགས་ཏེ་དཔྱད་པར་སྟོན་པ་དང་གུ་རུབ་སྣང་བཞེར་ལོད་པའི་བར་བླ་རབས་ཉེར་ལྔ་ཙམ་ལས་སོང་མེད་པ་དང་། སྟོན་པ་ནས་ལིག་མི་རྐྱ་བར་ནི་མི་ལོ་སྟོང་ཕྲག་མང་སོང་བ་འདོད་པ་འདིར་ཅི་ལྟར་འགྲེལ་ལམ་ལགས།
ལན། ༤) དྲི་བ་འདི་སྙན་བརྒྱུད་ཀྱི་བརྒྱུད་པ་སྐབས་སུ་འབྲེལ་བ་ཡོད་པ་ཞིག་དང་དེའི་ལན་མདོར་བསྡུས་ཞིག་ཁར་གསེང་ཕུལ་ཟིན་ཡང་། སླར་ཡང་སྐབས་དང་འབྲེལ་ནས་དྲངས་ན། ཞང་ཞུང་སྙན་བརྒྱུད་ཀྱི་རྒྱུད་རིམ་སྐོར་ནི། རིང་བརྒྱུད་མུ་ཆགས་དང་། ཉེ་བརྒྱུད་ཐོག་བབས་སོགས་ཡོད་ཀྱང་ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོས་ཐུགས་རྗེའི་སྟོན་པ་གཤེན་ལྷ་འོད་དཀར་ལ་བརྒྱུད། དེས་སྤྲུལ་པའི་སྟོན་པ་གཤེན་རབ་མི་བོ་ནས་གསང་བ་འདུས་པ་བར་བདེ་གཤེགས་དགོངས་རྒྱུད་དགུ་དང་། ཡོངས་སུ་དག་པ་ནས་ཟླ་བ་རྒྱལ་མཚན་བར་འཇའ་ལུས་འཕོ་ཆེན་ཉེར་བཞི། དེ་ནས་སྤྲུལ་སྐུ་དྲིན་ཆེན་གཉིས། ཞང་ཞུང་གྲུབ་ཐོབ་དྲུག སྟོད་རྒྱུད་དྲུག་དང་སྨད་རྒྱུད་ལྔ། དེ་རྗེས་ཡང་སྟོན་ཆེན་པོ་ནས་ལྷོ་བྱང་གཉིས་སུ་བརྒྱུད་དེ་ལྷོ་རྒྱུད་ནི་ད་ལྟའི་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་བར་བརྒྱུད་ཡོད་པ་ནི་རྩ་བའི་རྒྱུད་ཚུལ་དེ་དག་ཡིན། གལ་ཏེ་སྟོན་པ་གཤེན་རབ་མི་བོ་ཕྱི་ལོའི་སྔོན་གྱི་ལོ་ ༡༦༠༡༧ ལ་འཁྲུངས་པའི་དབང་དུ་བཏང་ཡང་། དགོངས་རྒྱུད་དགུ་དང་འཇའ་ལུས་འཕོ་ཆེན་ཉེར་བཞི་དེ་ཚོ་ད་ལྟའི་མི་ཡི་ཚེ་ཚད་ནང་བཞིན་ལོ་ ༧༠ དང་ ༨༠ ལྟ་བུར་ངེས་པ་མེད་པ་ནི་སྙན་བརྒྱུད་བླ་མའི་རྣམ་ཐར་སོགས་ལ་མཇལ་ན་ངེས་ཐུབ། དེས་ན་ལོ་གྲངས་འགབ་མི་ཐུག་པའི་དཀའ་ངལ་དེ་ཙམ་མེད་སྙམ།
དྲི་བ། ༥༽ ལིག་མིག་རྐྱ་ཉིད་སྲོང་བཙན་དང་ཁྲི་སྲོང་གཉིས་སུའི་སྐབས་བྱུང་མིན་ཐད་ལ་ཡོངས་གྲགས་སུ་སྲོང་བཙན་སྐབས་སུ་བྱུང་བ་འདོད་ཀྱང་བོན་ལུགས་མང་ཤོས་སུ་ཁྲི་སྲོང་སྐབས་སུ་བྱུང་བ་འདོད་པ་དེའི་སྐོར་ནས་གཡའ་སེལ་ཞིག་བྱ་རོགས་ཞུ་ཞུ།
ལན། ༥) སྲོང་བཙན་སྐབས་སུ་ཞང་ཞུང་རྒྱལ་པོ་བཀྲོངས་བའི་ལོ་རྒྱུས་རྒྱལ་རབས་དེབ་ཐེར་དཀར་པོ་སོགས་ནང་རྒྱས་པར་གསལ་ལ། དེའང་དང་པོ་སྲོང་བཙན་གྱིས་རང་གི་སྲིང་མོ་སད་མ་ཀ་ར་ཞང་རྒྱལ་གྱི་བག་མ་བརྫངས། རྗེས་སུ་སད་མ་ཀ་རའི་ཇུས་དང་ཐབས་ལ་བརྟེན་ནས་ཞང་ཞུང་བཅོམ་པ་དང་། ཞང་རྒྱལ་སྐུ་བཀྲོངས་སའང་ཁྱུང་ལུང་ཕྱོགས་སུ་ཡིན་པ་འདྲ། ཁྲི་སྲོང་སྐབས་སུ་ཞང་ཞུང་བཅོམ་ཚུལ་ནི་ཡོངས་གྲགས་ཞང་ཞུང་རྒྱལ་པོའི་བཙུན་མོ་ཆུང་ཤོས་གུ་རུབ་ཟ་སྣང་སྒྲོན་ལེགས་ལ་བོད་ཀྱི་བློན་པོ་སྣང་ནམ་ལེགས་གྲུབ་ཀྱིས་སེམས་བསླུས་རྗེས། བཙུན་མོའི་ཐབས་ཇུས་ལ་བརྟེན་ནས་ཞང་རྒྱལ་བཀྲོངས་པ་དང་། སྐུ་བཀྲོངས་སའང་དྭང་རའི་ཕྱོགས་སུ་ཡིན་ལ་དེ་ནས་བཟུང་ཞང་ཞུང་རྒྱལ་ཁབ་དེ་རྩ་མེད་དུ་ཕྱིན་པ་རེད།། །།
༼གོང་གི་དྲིས་ལན་རྣམས་བསམ་ཚུལ་ཙམ་ལས་ཐག་གཅོད་པ་ནི་མ་ཡིན་ནོ།༽