ཞང་ཞུང་སྒོ་ཕུག་དང་ལ་དྭགས་སྐོར་ལ་དྲི་བ་གཉིས།
རྩོམ་བྲིས་པ། ཤར་ཡུལ་ཕུན་ཚོགས་ཚེ་རིང་། དྲི་བ་འདོན་མཁན། འགྱུར་མེད་ཚེ་རིང་།
དྲི་བ། ༡༽ ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ངོས་འཛིན་བྱེད་སྟངས་ཐད་བཞེད་པ་མི་མཐུན་པ་གང་དང་གང་ཡོད། ༢༽ ལ་དྭགས་ཀྱི་ཡུལ་དེ་ཞང་ཞུང་སྒོ་ཕུག་བར་གསུམ་གང་གི་ཁོངས་སུ་གཏོགས་སམ།
ལན། ༼མཁྱེན་ཡངས་འགྱུར་མེད་ཚེ་རིང་ལགས། སྐུ་ཉིད་ཀྱི་བཀའ་འདྲི་དེར་མཁས་དབང་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་(བོན་གྱི་བསྟན་པའི་བྱུང་གནས་ཞང་ཞུང་ཞེས་པའི་མིང་ཐོག་ཚུལ་དང་། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྐོར་ལ་རགས་ཙམ་དཔྱད་པ) ཞེས་པ་ལས་འདིར་ཉུང་ངུ་ཞིག་དྲངས་ཡོད་པས་ཐུགས་ཕན་གསོ་བའི་རེ་བ་ཡོད།༽
” ཞང་ཞུང་སྒོ་ཕུག་བར་གསུམ་དབྱེ་ཚུལ་སྐོར་ཕྱིས་མཁས་པ་རྣམས་ཀྱི་བཞེད་སྲོལ་མི་འདྲ་བ་མང་ཞིང༌། འདིར་བཞེད་སྲོལ་གཙོ་བོ་ཁག་བཀོད་པ་འདི་ལྟར།
༡ ཞང་ཞུང་ཕུག་པ་ནི་རྟག་གཟིགས་འོལ་མོ་ལུང་རིང་ལ་ངོས་འཛིན་པ་དང༌། བར་པ་ནི་རྒྱལ་མཁར་བ་ཆོད་ལ་ཟེར་གསུངས། རྒྱལ་མཁར་བ་༼ཆོད༽ནི་མཁར་མིང་སྟེ་དམུ་རྫོང་ཞེས་པ་དེ་ལ་གོ་དགོས། འདི་ནི་སྟོད་ན་ཡོད་པའི་མ་བརྩིག་མཁར་བཞིའི་བྱེ་བྲག་ཅིག་ཡིན་པར་འདོད། སྒོ་པའི་ས་ཁྱུང་ལུང་དངུལ་མཁར་གྱིས་མཚོན་པའི་ཡུལ་སྡེ་དེ་རྣམས་ལ་ཟེར། ཞང་ཞུང་སྒོ་པའི་ས་ཁྱོན་སྐོར་ལ། སྲིད་པ་རྒྱུད་ཀྱི་ཁ་བྱང་ནང༌། ཤར་སྨྱུག་མ་བུ་ཁུར་དང༌། བྱང་འཇགས་མ་གླུ་ལེན། ནུབ་གནུབ་མཚོའི་གླིང༌། ལྷོ་བལ་བོད་གཉིས་ཀྱི་ས་མཚམས་སུ་བྲག་སྨུག་༼མ༽བུ་ཁུར་དང༌། བྱང་ཧོར་བོད་གཉིས་ཀྱི་ས་མཚམས་སུ་ལིང་ཝིང་སྒང་རིང༌། ནུབ་ཨོ་རྒྱན་དང་བོད་མཚམས་སུ་ཞང་ཞུང་ཁྲི་སྡེ་ཁྱུང་ལུང༌། ཤར་བོད་མཚམས་སུ་སུམ་པ་གླང་གི་གྱིམ་ཤོད་ལ་ཟེར་ཞེས་གསུངས།
༢ ཞང་ཞུང་སྒོ་པ་ལ་ཕྱིས་མཁས་དབང་མང་པོས་སྒོ་ཕུག་བར་གསུམ་དུ་དབྱེ་བ་འདི་ལྟར་ཕུག་པ་ནི། གྲོང་ཁྱུང་ལུང་ལ་སོགས་པ་ཟེར་བ་དང༌། བར་བ་ནི་རྟ་སྒོས་དང་དྭང་ར་གཡུ་མཚོའི་ཁུལ་དུ་གོ་དགོས། སྒོ་པ་ནི་ཞང་ཞུང་སྨད་སུམ་པ་གླང་གི་གྱིམ་ཤོད་ཁུལ་དུ་ཡིན།
༣ ཞང་ཞུང་སྒོ་ཕུག་བར་གསུམ་སྐོར་བཤད་སྲོལ་གཞན་ཞིག་ནི། ཕུག་པ་ནི། སྟོད་ཁྱུང་ལུང་གི་ཡུལ་ལ་ཞང་ཞུང་ཁ་ཡུག་དང༌། ཞང་ཞུང་དར་མའི་ཡུལ། སྤུ་རོང་ཡུལ་འབོད་པ་དེ་ཁྱུང་པོས་བཟུང་བའི་འཁོར་ཆེན་ལྔ་ཡི་དབུས་ཁྱུང་ལུང་དངུལ་མཁར་གྱི་ཡུལ་སྡེར་གོ་དགོས། ཞང་ཞུང་བར་པ་ནི། སྟ་སྒོ་དང་དྭང་ར་གཡུ་མཚོ་སྟེ་ཞང་ཞུང་རྒྱལ་པོའི་བླ་བྲག་དང༌། བླ་མཚོ་ཡིན་ཞེས་པའི་ཁུལ་དེར་གོ་དགོས། སྒོ་པ་ནི། སྨད་སུམ་པའི་ཡུལ་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་སུམ་པ་གླང་གི་གྱིམ་ཤོད་ལ་ངོས་འཛིན་དགོས། ཤོད་ཆེན་བཅོ་བརྒྱད་ནི། ནག་ཤོད་དང༌། སོག་ཤོད། ལྕི་ཤོད། སུམ་ཤོད། དཀར་ཤོད། དམར་ཤོད། གཉི་ཤོད། ཟླ་ཤོད། སྐྱི་ཤོད། ཡུན་ཤོད། དམའ་ཤོད། འཇའ་ཤོད། སྟག་ཤོད། འདན་ཤོད། རྨ་ཤོད། འདྲེ་ཤོད། ཉག་ཤོད་དང་བཅས་སོ།།
མདོར་ན། ཞང་ཞུང་སྒོ་ཕུག་བར་གསུམ་ལ་བཞེད་སྲོལ་མི་འདྲ་བ་ཁག་གསུམ་ཙམ་བྱུང་རུང༌། དོན་དུ་ད་ལྟ་ང་ཚོས་སྔར་ལོ་རྒྱུས་ཐོག་ཏུ་ཞང་ཞུང་གི་ས་ཁོངས་དང་ཆགས་ཚུལ་ལ་བརྟག་པར་གཞིགས་ན། ཞང་ཞུང་ཕུག་པ་ནི། སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་གིས་གཙོས་པའི་ཞང་ཞུང་ཁ་ཡུག་དང༌། ཞང་ཞུང་དར་མ་སོགས་ད་ལྟའི་མངའ་རིས་ཁུལ་གྱི་ཡུལ་སྡེ་ཡོངས་རྫོགས་དང༌། སྐྱིད་རོང་རྫོང་དང༌། ས་དགའ་རྫོང༌། འབྲོང་པ་རྫོང་ཁོངས་ས་ཆ་ཡོངས་ལ་གོ་དགོས་སྙམ།
ཞང་ཞུང་བར་བ་ནི། ཞང་ཞུང་རྒྱལ་པོའི་བླ་བྲག་བོན་གྱི་གནས་རི་གངས་རི་ཆེན་པོ་ལྔ་ཡི་ཡ་གྱལ་སྟ་སྒོ་དང༌། བླ་མཚོ་དྭང་ར་གཡུ་མཚོ་གཙོ་བོར་གྱུར་པའི་ཁུལ་དེར་གོ་དགོས་པ་ཞིག་འདུག དེ་ཡང་ད་ལྟ་ནག་ཆུ་ས་ཁུལ་ཉི་མ་རྫོང་གི་ཁུལ་དེ་ཡིན། གང་ལགས་ཞེ་ན། ད་ལྟའང་ཁུལ་འདིར་འོམ་བུ་བསམ་གཏན་གླིང་དང༌། དྭང་ར་གཡུ་བུན་དགོན། ཕྱུག་ཚོ་དགོན། སྟ་སྒོ་སེར་ཞིག་དགོན་ལ་སོགས་བོན་དགོན་དང༌། གནས་རི། བླ་མཚོ་མང་དུ་གནས། ཁྱད་པར་དུ་དྭང་ར་གཡུ་བུན་དགོན་གྱི་ཆགས་ཡུལ་ནི་ཞང་ཞུང་བར་བའི་ཡུལ་སྲིད་པའི་ཁམས་རྣམ་པར་དག་པ་ཞིག་རེད་སྙམ། མི་ལོ་སུམ་སྟོང་ཙམ་གྱི་སྐབས་སུ་གཡུང་དྲུང་བོན་གྱི་གྲུབ་ཆེན་བརྒྱད་ཅུའི་ཐོག་མ་མངའ་བདག་གྲུབ་པ་གཤེན་བཅུའི་ཡ་གྱལ་གཡུང་དྲུང་བོན་གྱི་བསྟན་པར་བཀའ་དྲིན་ལྷག་པར་ཆེ་བ་གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོའི་སྐབས་སུ་འདུ་གནས་སོ་བདུན་དང་གསང་སྔགས་ཀྱི་སྒྲུབ་སྡེ་སོ་བདུན་བཙུགས་པའི་ནང་གསེས་གངས་གཉན་རྟ་མགོ་དང༌། དྭང་རའི་མཚོ་འགྲམ་ཞེས་གསལ་བ་དེ་གཉིས་ནི་དྭང་ར་གཡུ་བུན་དགོན་དེ་རང་ཡིན་པར་མཁས་པ་མང་པོས་ངོས་འཛིན་གནང༌། དགོན་འདི་ད་དུང་བོན་གྱི་མ་བརྒྱུད་གནས་ཆེན་ཉེར་བཞིའི་གྲས་ཡིན། དེ་བཞིན་སྟ་སྒོ་སེར་ཞིག་དགོན་པར་སྟོན་པ་གཤེན་རབ་ཀྱི་དབུའི་ཀ་པ་ལི་ལ་ཨ་ཡིག་རང་བྱོན་ཡོད་པ། ཚེམས་ལ་གུ་རུའི་རང་བྱོན་ཡོད་པ། སྐུ་སྟོད་ཀྱི་སོག་གཡས་པར་ཨཱོྃ་མ་ཏྲི་མ་ཡེ་ས་ལེ་འདུ་ཞེས་པའི་རང་བྱོན་ཡོད་པ། ད་དུང་བྱ་རྒོད་མཆུ་བྲིས་ཞེས་པའི་དཔེ་རྙིང་གལ་ཆེན་སོགས་ནང་རྟེན་ཕུན་སུམ་ཚོགས་པ་ཕྱིས་དངོས་སུ་མཇལ་རྒྱུ་ཡོད་ཅེས་གྲགས།
ཞང་ཞུང་སྒོ་པ་ནི། སྨད་སུམ་པ་གླང་གི་གྱིམ་ཤོད་དེ་ད་ལྟ་ཆབ་མདོ་སྟེང་ཆེན་རྫོང་གི་ཁོངས་བོན་གྱི་དགོན་གནས་གཙོ་གྲས་རྩེ་དྲུག་དགོན་ལྟེ་གནས་སུ་འཛིན་པའི་ཁུལ་དེར་ངོས་འཛིན་དགོས། གྱིམ་ཞེས་པ་ཞང་ཞུང་གི་སྐད་ཡིན་པས། ཐ་སྙད་དེའི་གོ་དོན་ནི་བྲག་གོང་ཆེན་པོར་གོ་དགོས་ཤིང༌། གྱིམ་ཤོད་ཅེས་བྲག་གོང་ཆེན་པོའི་འོག་ཏུ་གནས་པའི་ཡུལ་སྡེ་ཞིག་ཏུ་གོ་དགོས། སུམ་པ་གླང་གི་གྱིམ་ཤོད་དཔལ་ཤེལ་ལེ་རྫོང་དྲུག་གཤེན་བསྟན་དྲི་མེད་ཁྱུང་པོ་རྩེ་དྲུག་དགོན་པ་འདི་ཡང་ཆེས་སྔ་བ་དམུ་ཁྲི་བཙན་པོའི་སྐུ་དུས་བོན་གྱི་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་སོ་བདུན་གྱི་ཡ་གྱལ་ཞིག་ཡིན། དེ་བཞིན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་དང༌། ཁྱུང་པོ་ནག་རུ་བསམ་གཏན་གླིང༌། ཁྱུང་སེར་གདན་ས་བྱ་སེ་ཡང་རྫོང་དགོན། གཡུང་དྲུང་དཔལ་རི་དགོན་སོགས་གཡུང་དྲུང་བོན་གྱི་བསྟན་པའི་དགོན་གནས་སུམ་ཅུ་སོ་གཅིག་ཙམ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད། བོན་གྱི་ཆོས་འབྱུང་དེབ་ཐེར་དང༌། དམངས་ཁྲོད་ཀྱི་གཏམ་རྒྱུད་གང་གི་ཐོག་ནས་ཀྱང་གསལ་བོར་རྟོགས་ཐུབ་པར་མི་ལོ་སུམ་སྟོང་ལ་ཉེ་བའི་དུས་སུ་ཁུལ་དེར་བོན་གྱི་བསྟན་པའི་གཞི་གཙོ་གྲས་ཏེ་ཞང་ཞུང་སྒོ་པའི་ཁུལ་ཡིན་པ་གསལ་བོར་རྟོགས། དེས་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་བྱེ་བྲག གངས་ཅན་གྱི་གནའ་རབས་རུ་ཆེན་བཞི་ཡི་ཡ་གྱལ་ཞང་ཞུང་གི་ས་ཁོངས་ནི། གངས་ཏི་སེ་དང༌། མཚོ་མ་ཕམ། སྤོས་རི་ངད་ལྡན། ཁྱུང་ལུང་དངུལ་མཁར་སོགས་ད་ལྟའི་མངའ་རིས་ཀྱི་ས་ཁོངས་ཡོངས་རྫོགས་དང༌། དེ་བཞིན་རྫོང་དགའ་དང༌། མངའ་རིས་གུང་ཐང༌། མང་ཡུལ། ས་དགའ། ཟང་ཟང་ལྷ་སྟོད་ཁུལ་གྱི་ཡུལ་སྡེ་མང་པོ། དེ་ནས་ཟང་ཟང་ལྷ་བྲག་གི་ཤར་ངོས་ནས་ཐད་དྲང་པའི་དྲུམ་གྱི་སྟག་ཚལ་དང༌། འདམ་གཞུང༌། གཉན་ཆེན་ཐང་ལྷ། ནག་ཆུ་རྫོང༌། སྦྲ་ཆེན་རྫོང༌། ཁྱུང་པོ་སྟེང་ཆེན་རྫོང༌། མངའ་རིས་སྒེར་རྩེ་དང་མཚོ་ཆེན་རྫོང༌། ཤར་ཕྱོགས་སུ་ཐད་དྲང་བའི་ཉི་མ་རྫོང་དང༌། མཚོ་གཉིས་དོན་གཅོད་ཁང༌། དཔལ་མགོན་རྫོང༌། ཤན་ཚ་རྫོང༌། སྙེ་རོང་རྫོང་སོགས་སྟོད་མངའ་རིས་ནས་སྨད་ཆབ་མདོ་སྟེང་ཆེན་བྱང་ཁུལ་ས་ཆ་མང་པོ་ཞིག་གནའ་རབས་ཞང་ཞུང་གི་མངའ་འོག་ཡིན་པ་གསལ་བོར་མཐོང་ཐུབ། མདོར་ན་གནའ་རབས་ལོ་རྒྱུས་ཐོག་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ས་ཁོངས་ནི་ཧ་ཅང་ཆེ་བ་ཞང་ཞུང་ཁྲི་སྡེ་ཞེས་གྲགས་ཆེ་བར་གྱུར། དུས་དེར་རིག་གནས་དང༌། དཔལ་འབྱོར། བོན་ཆོས། དམག་ཤུགས་སོགས་དར་ཁྱབ་སྟོབས་ཤུགས་ཆེ་བའི་རྒྱལ་ཕྲན་ཞིག་ཡིན་པས། ཆོས་རྒྱལ་སྲོང་བཙན་སྒམ་པོས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེ་སྤེལ་བས་བོན་གྱི་བསྟན་པར་གནོད་འཚེ་ངེས་ཅན་ཞིག་ཕོག་སྟབས་ཞང་ཞུང་གི་རྒྱལ་པོ་ལིག་མིག་སྐྱས་བོད་ལ་ངོ་ལོག སྲོང་བཙན་སྒམ་པོས་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས། འོན་ཀྱང་དེང་སྐབས་ཕྱི་ནང་གི་ཞིབ་འཇུག་པ་འགའ་ཞིག་གིས་ཞང་ཞུང་གི་མི་དང༌། ཞང་ཞུང་གི་སྐད་ཡིག ཞང་ཞུང་གི་རིག་གནས་ཞེས་ཧ་ལམ་གངས་ཅན་ཡུལ་དང་འབྲེལ་བ་མེད་པའི་ཕྱིའི་རྒྱལ་ཕྲན་ལྟ་བུར་ངོས་འཛིན་གནང་བའི་ལྟ་བ་དེ་རིགས་ནི་བོད་ཀྱི་གནའ་བོའི་ཆོས་འབྱུང་དེབ་ཐེར་ཁག་གི་དགོངས་དོན་དང་ཡོངས་སུ་འགལ་བ་རེད་སྙམ།།” ཞེས་སོགས་སོ།། །།