ཞང་ཞུང་སྒོ་པའི་ཡིག་གཟུགས་ཁག་བེད་སྤྱོད་འདོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ།
ལོ་སྔོན་མར་ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་༸སྐྱབས་རྗེ་འོད་ཟེར་སྦྱིན་པ་རིན་པོ་ཆེའི་སློབ་སྟོན་འོག་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་གསུང་རབ་སྒོ་མཛོད་རིན་པོ་ཆེ་པོད་གྲངས་ ༢༠༠ ཅན་གྱི་བདག་ཉིད་དེ་ཞང་ཞུང་སྒོ་པའི་ཡིག་གཟུགས་ཁྲ་ཆེན་དང་ཁྲ་ཆུང་སོགས་སུ་དེང་རབས་གློག་དཔར་ཚན་རྩལ་གྱི་ལམ་ནས་བཞེངས་བསྐྲུན་གནང་སྟེ་འཛམ་གླིང་རྒྱལ་ཕྱི་ནང་གང་སར་འགྲེམས་སྤེལ་གནང་ཡོད་སྟབས། རྒྱ་ཆེའི་ཞང་བོད་ཀྱི་རིག་གཞུང་ལ་ཐུགས་ཁུར་ཅན་ཚོས་ཡིག་གཟུགས་དེ་དག་ཐུན་མིན་ཞང་ཞུང་བོན་ལུགས་ཀྱི་བྲིས་རྩལ་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད། ཁ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༩ ཉིན་དགའ་འོས་པའི་གསར་གནས་ཏེ་ཞང་ཞུང་སྒོ་པའི་ཡིག་གཟུགས་ཁྲ་ཆེན་དང་ཁྲ་ཆུང་གཉིས་ཀ་རིན་མེད་ཐོག་རྒྱལ་ཕྱི་ནང་གང་སར་བཞུགས་པའི་དོན་གཉེར་ཅན་རྣམ་པར་དམིགས་ཏེ་དྲ་སྟེང་དུ་ཤར་བཏང་གནང་ཡོད།
འོན་ཀྱང་ཡིག་གཟུགས་ཀྱི་མ་ལག་གཙོ་བོ་སྒེའུ་ཁུང་རྟགས་ཅན་གློག་ཀླད་ཆེད་དུ་བཟོས་ཡོད་རྩང་ཀུ་ཤུ་སོགས་འགའ་ཞིག་ཐོན་རིམ་གསར་པའི་གློག་ཀླད་ཀྱིས་ཡིག་གཟུགས་དེ་གཉིས་ཀྱི་ནང་གི་ལྷུ་ལག་འགའ་ཞིག་ལ་རྒྱབ་སྐྱོར་བྱ་མི་ཐུབ་པའི་དཀའ་ངལ་ཞིག་འདུག དེར་བརྟེན་གུས་པས་ཡིག་གཟུགས་དེ་གཉིས་ཀུ་ཤུ་ཐོན་རིམ་གསར་པའི་ཆེད་དུ་མ་ལག་བཅོས་བསྒྱུར་བྱས་ཡོད་པ་དང་། དེ་དང་ཆབས་ཅིག་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༩ ཉིན་ཨ་དཔལ་བཟང་དང་རིན་སྤུངས་ཚུལ་བསྟན་རྣམ་གཉིས་ཀྱིས་ཐུགས་འགན་གཙོ་བོར་བཞེས་ཏེ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་(མུ་ཁྲི་བཙན་པོ་)རྩོམ་སྒྲིག་ཁང་ནས་བཟོས་པའི་ཞང་ཞུང་སྨར་ཆུང་གི་མཉེན་ཆས་དང་།
ཕྱི་ལོ་ ༢༠༡༤ ལོར་མུ་ཁྲི་བཙན་པོའི་རྩོམ་སྒྲིག་པ་ཨ་དཔལ་བཟང་དང་ལུང་དཀར་གཡུང་དྲུང་བསྟན་འཛིན། རིན་སྤུངས་ཚུལ་བསྟན་གསུམ་མཉམ་འབྲེལ་གྱིས་སྨར་ཆེན་ཡིག་གཟུགས་མཉེན་ཆས་གཙོས་པའི་ཞང་བོད་ཀྱི་རིག་གཞུང་ལ་ཞབས་ཕྱི་སྒྲུབ་པའི་(ཞང་ཞུང་རིག་མཛོད།)ཅེས་པའི་ཚན་ཆུང་ཞིག་རྩ་འཛུགས་གནང་བ་མ་ཟད་ཐོག་མར་ཞང་ཞུང་སྨར་ཆེན་ཡིག་གཟུགས་མཉེན་ཆས་བཟོ་རྒྱུའི་འཆར་གཞི་བཟོས་ཏེ་ལུང་དཀར་གཡུང་དྲུང་གཡུང་དྲུང་བསྟན་འཛིན་ལགས་ནས་སྨར་ཆེན་མཉེན་ཆས་བཟོ་བསྐྲུན་ཆེ་ཀྲུང་སྒོར་ཁྲི་ཉི་ཤུ་མ་ཟིན་ཙམ་འགྲོ་སོང་གཏོང་བ་དང་ཨ་དཔལ་བཟང་ལགས་ནས་མཉེན་ཆས་བཟོ་སྐབས་ཀྱི་ལས་ཀ་ཕལ་ཆེ་བ་རྣམས་ཁོང་གིས་གནང་ནས་བཟོས་པའི་ཞང་ཞུང་སྨར་ཆེན་ཡིག་གཟུགས་སོགས་དྲ་སྟེང་འདི་ནས་ཕབ་ལེན་དུ་བཞག་ཡོད་པས་རྣམ་པ་ཚོས་དེ་ལུགས་ཐུགས་དགྱེས་པོའི་ངང་ཕབ་ལེན་དང་བརྒྱུད་སྤེལ་གང་མང་གནང་བའི་རེ་སྨོན་ཞུ།
ཞེས་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ ཉིན་སྤེལ།།
ཕབས་ལེན་ཆེད་ཡིག་གཟུགས་སོ་སོའི་སྟེང་དུ་གནོན་རོགས།
ཞང་ཞུང་སྒོ་པའི་ཡིག་གཟུགས་ཁྲ་ཆེན་ཀུ་ཤུའི་མ་ལག་ཆེད།
ཞང་ཞུང་སྒོ་པའི་ཡིག་གཟུགས་ཁྲ་ཆུང་ཀུ་ཤུའི་མ་ལག་ཆེད།
ཞང་ཞུང་སྒོ་པའི་ཡིག་གཟུགས་ཁྲ་ཆེན་དང་ཁྲ་ཆུང་སྒེའུ་ཁུང་རྟགས་ཅན་མ་ལག་ཆེད་དྲ་གནས་ཨ་མ་ནས་ཕབས་ལེན་གནང་རོགས།
ད་དུང་ཞང་ཞུང་སྒོ་པའི་(ཁྲ་འབྲིང་ཡིག་གཟུགས་)དེ་གཅིག་རགས་ན་ཅི་མ་རུང་།
ཁྲ་འབྲིང་ཟེར་བ་ཡོད་ས་མ་རེད་ལགས།