ཞང་ཞུང་རྒྱལ་ཁབ་ཅེས་པ་བྱུང་མྱོང་མིན་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཞང་ཚུལ་མི། དྲི་བ་གཏོང་མཁན། ལོ་ཀའི་ཙཀྵུ།
དྲི་བ། བོན་གྱི་བསྟན་རྩིས་དང་ལོ་རྒྱུས་དག་ལས་ཞང་ཞུང་ནི་རང་སྐྱ་ཐུབ་པ་སྟོབས་འབྱོར་རིག་གསུམ་ལྡན་པའི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ཚུལ་སྨོས་ཡོད་པ་དང་། དེ་བཞིན་ཞང་རྒྱལ་ལི་མིག་རྐྱ་ཡང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དམག་གི་སྟོབས་ཤུགས་ཀྱིས་མངའ་འོག་ཏུ་བསྡུས་མ་ཐུབ་ནས། གཡོ་ཁྲམ་གྱི་ཐབས་ལམ་ངང་ནས་ཞང་རྒྱལ་བཀྲོངས་ནས་ཞང་ཞུང་བོད་འོག་ཏུ་དབང་བསྒྱུར་བ་ཡོད་པར་བཤད།
ཆོས་འབྱུང་ཁག་ལས་ཞང་ཞུང་ནི་བོད་ཀྱི་རྒྱལ་ཕྲན་ཡིན་པ་ལས། ཞང་རྒྱལ་ལི་མིན་རྐྱས་བོད་ལ་ངོ་ལོག་བྱས་སྐབས་བོད་རྒྱལ་སྲོང་བཙན་སྒམ་པོས་ཞང་རྒྱལ་ལི་མིན་རྐྱ་བཀྲོངས་ནས་བོད་པས་དབང་བསྒྱུར་ཚུལ་སོགས་འཁོད་འདུག་པས། ཆོས་ལུགས་ཀྱི་ཕྱོགས་ཞེན་དོར་པའི་ཐོག་ནས་བཤད་ན་བདེན་དོན་གྱི་མཐའ་གང་གི་སྟེང་ན་འཇོག་གི་ཡོད་དམ། དེའི་ཐོག་ནས་བཀའ་སློབ་རེ་གནང་བ་མཁྱེན་མཁྱེན་ཞུ་ཞུ།
ལན། སྐུ་ཉིད་ནས་དྲི་བ་གནང་བའི་སྐོར་འདི་རྒྱ་ཆེ་དྲགས་ནས་ཡི་གེ་ཐུང་ངུ་ཞིག་གིས་གསལ་བཤད་སེམས་ཚིམ་པ་ཞིག་མི་ཐུབ་ཀྱང་ཁོ་བོས་བསམ་ཚུལ་ཙམ་ཞུས་ན།
བོན་གྱི་ལོ་རྒྱུས་ཁག་ནས་ཞང་ཞུང་ནི་སྲིད་འབྱོར་རིག་གསུམ་ཕུན་སུམ་ཚོགས་པའི་གནའ་བོའི་རྒྱལ་ཁབ་ཞིག་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་པ་ནི། ལོ་རྒྱུས་རིག་པའི་འགྲོས་དང་མི་འཚམས་པའི་རྟོག་བཏགས་ཀྱི་རྣམ་པ་ཆེར་མེད་སྙམ།
དང་པོ་ས་ཁོངས་ཀྱི་སྐོར་ནས་ཞུས་ན་བོན་གཞུང་ནས་ཞང་ཞུང་སྒོ་ཕུག་བར་གསུམ་ལ་དབྱེ་སྲོལ་སྣ་ཚོགས་ཞིག་ཡོད་རུང་། དོན་ངོ་མ་ཞང་ཞུང་ཕུག་པ་རྒྱ་མཁར་བར་ཆོད་དང་། བར་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར་དང་། སྒོ་པ་སུམ་པ་གླང་གི་གྱིམ་ཤོད་ཡན་དུ་བྱས་ན་དོན་དངོས་འཚམས་པར་མཐོང་། རྒྱ་མཁར་བར་ཆོད་ཀྱི་ས་གནས་འདི་ངོས་འཛིན་བྱེད་དཀའ་ཡང་གནའ་དུས་བྲུ་ཤའི་ལུང་པའམ་དེང་པ་ཀི་སི་ཐན་དུ་འབོད་པའི་ས་གནས་འདིར་ཡིན་སྐོར་མི་རྣམས་ཀྱིས་ཚོད་དཔག་བྱེད་ཀྱི་ཡོད། ས་གནས་འདིའི་མི་རིགས་ངོ་མ་དེ་བོད་རིགས་ཡིན་འདུག་ཀྱང་། ཕྱིས་ཁ་ཆེས་དབང་བསྒྱུར་བྱས་ཏེ་ད་ལྟ་ཁ་ཆེའི་ལུང་པ་ཞིག་ཏུ་གྱུར། འདིར་འཚོ་སྡོད་བྱས་པའི་མི་རིགས་རྙིང་པ་ཚོའི་ངག་རྒྱུན་ལ་ཡུལ་འདིར་བསམ་ལེགས་ཞེས་པའི་རྒྱལ་པོ་སྟོབས་ཆེན་ཞིག་བྱུང་བ་ཤོད་སྲོལ་ཡོད་འདུག
དེ་ནི་ང་ཚོས་རྒྱལ་མི་ལུས་བསམ་ལེགས་ཡིན་པ་ངོས་འཛིན་ཞུ་འོས་རེད་སྙམ། ད་ལྟ་ཡང་ཡུལ་འདིར་བོད་རིགས་མང་ཞིང་བོད་སྐད་བོད་ཡིག་སྤྱོད་མཁན་ཡོད་པ་མ་ཟད། ཆོས་ལུགས་ཀྱང་བོན་སྤྱོད་མཁན་ཁ་ཤས་ཡོད་འདུག
བར་པ་ཁྱུང་ལུང་སྐོར་འདི་ཞང་ཞུང་ས་སྐོར་ཡིན་པ་ནི་རྩོད་བྲལ་ཡིན་པས་གསལ་བཤད་ཞུ་མི་དགོས་པ་ཞིག་རེད། ལ་དྭགས་དང་རུ་ཐོག་བཅས་ནི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཚོས་སྲིད་དབང་བསྐྱངས་སའི་ས་སྐོར་ཡིན་པས་ཞང་ཞུང་ས་ཁོངས་ཡིན་པ་གསལ་པོ་ཡིན། དྭང་ར་རྟ་སྒོའི་སྐོར་འདི་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱ་མཐའ་མ་དེའི་བཞུགས་གནས་ཡིན་ལ་ཁོང་སྐུ་བཀྲོང་སའང་འདིར་རེད། འདིའི་ས་སྐོར་དུ་ཞང་ཞུང་བྱང་རྒྱུད་དང་འདིར་འཚོད་སྡོད་བྱེད་མཁན་ཚོར་བྱང་པ་ཟེར་བ་ཡིན། དྭང་རའི་ཡུལ་དུ་རྐྱལ་པ་རྫོང་ཞེས་པའི་ས་གནས་སུ་ལིག་མི་རྐྱའི་མཁར་ཤུལ་ཡོད་པ་༸ཡོངས་འཛིན་མཆོག་གི་ཞལ་རྒྱུན་ལས་ཐོས།
སྒོ་པ་ནི་སུམ་གླང་གི་གྱིམ་ཤོད་དམ་དེང་ཁྱུང་པོའི་རི་བོ་རྩེ་དྲུག་གི་ས་སྐོར་འདི་ཡིན། ང་ཚོས་ཞང་ཞུང་ཞེས་པ་འདི་རྒྱ་ཆེན་པོ་ཞིག་བཤད་ཀྱི་ཡོད་པ་ནི་བོན་གཅིག་པུའི་ལོ་རྒྱུས་མ་ཡིན་པ་རྒྱ་ནག་གི་ལོ་རྒྱུས་རྙིང་པ་ཁག་གི་ནང་དུ་ཞང་ཞུང་ཆེ་ཆུང་ཁག་གི་ས་ཁྲ་དང་བཅས་པ་གསར་པོར་འཁོད་ཡོད། ལོ་རྒྱུས་ཡིག་རྙིང་མང་པོའི་ནང་དུ་སྲོང་བཙན་གཡས་གཡོན་ཏུ་ཁྱུང་པོ་སྤུངས་སད་ཟུར་རྩེས་བྱང་གི་ཞང་ཞུང་དབང་དུ་བསྡུས་ཚུལ་སྐོར་གསལ་པོར་འཁོད་ཡོད་སྟབས་དེ་ཕྱིར་ཞང་ཞུང་ཟེར་བ་དེ་ཁྱུང་ལུང་ས་སྐོར་གཅིག་པུ་མ་ཡིན་པ་ཞང་ཞུང་ལ་ལྷོ་བྱང་མང་པོ་ཡོད་པ་ཤུགས་ལ་བསྟན་པ་རེད་སྙམ།
ལྡེའུ་ཆོས་འབྱུང་དུའང་བོད་དང་ཞང་ཞུང་གི་དམག་སྡེ་རྒྱ་ཆེར་ཞང་ཞུང་ཆེ་ཚུལ་གསལ་ཡོད། མདོར་ན་ཞང་ཞུང་གི་ས་ཁྱོན་གྱི་ཆ་ནས་ཁྱུང་ལུང་ཡུལ་སྐོར་གཅིག་པུ་མ་ཡིན་པ་ཞང་ཞུང་ལ་སྟོད་སྨད་བར་གསུམ་དང་ལྷོ་བྱང་སོགས་རྒྱ་ཆེར་ཡོད་པ་ཡིག་རྙིང་ཁག་གི་གསེང་ནས་རིམ་པས་ཐོན་ཡོང་བ་ཞིག་རེད་གདའ།
གཉིས་པ་སྐད་ཡིག་གི་སྐོར་ན་ཞུས་ན་ཞུང་ཞུང་སྐད་ཀྱི་རིགས་ལ། སྨར་གྱི་སྐད་དང་། དར་མའི་སྐད། དིར་མའི་སྐད། དར་མ་དིར་མའི་སྐད། གུ་གེའི་སྐད། ཕལ་པོ་གླང་གི་སྐད་བཅས་སྐད་རིགས་སྣ་ཚོགས་ཞིག་འདུག ཡིག་རིགས་ལ། སྨར་ཆེན་སྨར་ཆུང་། ཞང་ཞུང་ཡིག་རྒན། གཟི་ཡིག དྲག་ཡིག་སོགས་ཡིག་རིགས་སྣ་ཚོགས་པ་ཞིག་ཡོད་པ་ནི་དུས་ད་ལྟའང་མང་ཆེ་བ་འབྲི་སྲོལ་མ་ཉམས་པར་ལྷག་ཡོད་པ་ནི་ཞང་ཞུང་ཤེས་རིག་བོད་མིས་ཉར་ཚགས་ལེགས་པོ་བྱས་པ་ལ་ངོས་འཛིན་དགོས། ལར་མི་རྣམས་ལ་དོགས་པ་ཞིག་ནི་ཞང་ཞུང་ཟེར་བ་ནི་དེ་འདྲའི་སྐད་ཡིག་རིག་གནས་རྒྱལ་ཁམས་རྒྱ་ཆེན་པོ་ཡོད་ཀྱང་། ད་ལྟ་ཞང་སྐད་གཙང་མ་སྨྲ་མཁན་ཞིག་མེད་པ་དང་ཞང་ཞུང་གི་ཡི་གེ་རྙིང་པ་ཤོག་ལྷེ་རྐང་གཅིག་སྟོན་རྒྱུ་མེད་པ་འདི་ཅི་ཡིན་སྙམ་ནས་མགོ་འཐུམ་གྱི་ཡོད་པ་ནི་ཐུགས་ཁག་མེད་ཀྱང་། ཞིབ་ཏུ་བསམ་ན་བོད་དུ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་མཁན་སློབ་ཆོས་གསུམ་གྱི་ཕྱག་བྲིས་ཡིག་རྙིང་འདི་ཡིན་ཟེར་བ་ཞིག་ཀྱང་བསྟན་རྒྱུ་མེད་པ་དང་གཅིག་མཚུངས་ཞིག་རེད། གཅིག་ནས་ཞང་ཞུང་གི་མངའ་ཐང་དར་ཆེ་ཤོས་ནི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་དུས་སྐབས་ཡིན་ཡང་། རྒྱལ་པོ་རེ་རེས་རྒྱལ་ཁམས་སྟབས་གཅིག་ལ་དབང་བསྒྱུར་བྱེད་མཁན་ཞིག་མ་ཡིན་པ། ས་གནས་མི་འདྲ་བ་དབང་བསྒྱུར་བྱེད་ནས་ཁ་འཐོར་ཚུལ་དུ་གནས་ཡོད་སྟབས་སྲིད་དབང་གི་སྲ་བརྟན་དུས་ཡུན་རིང་པོར་གནས་མ་ཐུབ་ནས་རིམ་བཞིན་ཉམས་ཆག་ཏུ་སོང་བ་རེད། ཞང་ཞུང་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་ཕལ་ཆེར་བྱུང་མེད་སྟབས་ཞང་ཞུང་གི་སྐད་རིགས་སྤྱི་ལ་སྲུང་སྐྱོབ་བྱེད་མཁན་ཡང་དེ་བས་ཀྱང་མེད་པ་རེད།
འོན་ཀྱང་བོད་ཀྱི་ཡུལ་དུ་ཞང་ཞུང་གི་ཆོས་རིགས་སྣ་ཚོགས་དར་བས་ཡི་གེ་འབྲི་སྲོལ་དང་། ཆོས་ལུགས་བྱེད་སྒོ་སོགས་ཞང་ཞུང་རྩ་བའི་རིག་གཞུང་མང་པོ་ཞིག་བོད་དུ་འགྱུར་ནས་ལག་ལེན་མ་ཉམས་པར་གནས་ཡང་། སྐད་རིགས་ནི་མི་རིགས་རང་ཉིད་ཉམས་ཆག་ཏུ་སོང་ཤུལ་ཡུལ་གྲུ་གཞན་སུ་ཞིག་གིས་སྲུང་སྐྱོབ་མི་ཐུབ་ནས་རིམ་བཞིན་མེད་པ་ཡོང་བ་ལས་ལག་ལེན་ཚད་ལྡན་ནི་སུས་ཀྱང་བྱེད་མི་ཐུབ་སྟབས་ཞང་ཞུང་སྐད་ཀྱང་མི་ལྷག་པའི་གནས་དོན་གཅིག་དེ་རེད་སྙམ།
ཞང་ཞུང་གི་ཡི་གེ་རྙིང་པ་པོ་ཏི་དང་ཤོག་ལྷེ་དེ་འདྲ་བསྟན་རྒྱུ་མེད་ཀྱང་། ཡིག་འབྲུ་རྙིང་པ་རེ་ཟུང་ཙམ་ཡང་དུས་ད་ལྟ་ཡང་ལྷག་ཡོད། འགའ་ཞིག་གིས་ཞང་ཡིག་ཕྱིས་གསར་བཟོ་བྱས་ཟེར་བ་ནི་རྫུན་ཡིན་ཏེ་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ལིག་མིན་རྐྱའི་ཕྱག་ཐམ་དང་། གུ་རུ་རྣོན་རྩེས་གཏེར་ནས་དྲངས་པའི་ཞང་ཞུག་དྲག་ཡིག་བཅས་ནི་གནའ་དུས་ཞང་ཞུང་གི་ཡི་གེ་ཡོད་པ་སྒྲུབ་བྱེད་དཔང་རྟགས་བཙན་པོ་ཞིག་རེད། ཡིག་རིགས་མང་པོ་དེ་འདྲ་ཞིག་རྟོག་བཟོ་བྱས་པ་རིགས་པས་འདེད་དགོས་ན་ཁུངས་སྐྱེལ་མི་ཐུབ་པ་ཞིག་རེད་ལ། ཕྱིས་བོན་གྱི་མཁས་པ་འདིས་གསར་བཟོ་བྱས་སོང་ཟེར་ནས་ར་སྤྲོད་བྱེད་པ་ཤིན་ཏུ་ཁག་པོ་རེད་སྙམ། རྗེས་སུ་དུས་ཚོད་དང་བསྟུན་ཏེ་ལིག་མིན་རྐྱ་སྔ་ཕྱི་གཉིས་བྱུང་མིན་སྐོར་ནས་ཅུང་ཙམ་གསལ་བཤད་བྱེད་ཆོག་ཞུ། །