ཞང་ཞུང་བཟས་བཞེངས་པའི་ཐེམ་ཆེན་ལྷ་ཁང་གི་སྐོར།
དྲི་བ་གནང་མཁན། འབྲོག་ཁ་མང་། ལན་འདེབས་པ། ཞང་ཚུལ་མི།
དྲི་བ། ཐེམ་བུ་ལྐོག་གི་ལྷ་ཁང་དེ་སུས་ག་དུས་བཞེངས་མིན་དང་དེང་གི་གནས་གང་དུ་ངོས་འཛིན་གནང་ཡི་ཡོད་མེད་བཀའ་སློབ་ཅིག་གནང་རོགས་ཞུ།
ལན། ཞང་ཞུང་བཟའ་ལིག་ཏིང་སྨན་གྱིས་བཞེངས་པའི་ཐེམ་ཆེན་ལྷ་ཁང་གི་སྐོར།
དུས་རབས་དྲུག་པའི་ནང་དུ་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་(1)སྤུ་རྒྱལ་སྲོང་བཙན་སྒམ་པོ་(༥༦༩-༦༠༤)མཆོག་གིས། ཕྱི་ཡི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བཙུགས་ནས་ཕན་ཚུན་རིག་གནས་སྤེལ་རེས་དང་། བོད་ཁམས་གཅིག་གྱུར་བཟོས་ཏེ་བོད་རང་གི་སྲིད་དབང་སྲ་བརྟན་དུ་བཏང་བ་མ་ཟད། ཁྱིམ་མཚེས་སྡེ་ཁག་རྒྱ་བལ་ཞང་གསུམ་དབང་དུ་བསྡུ་ཕྱིར་བག་མ་བསུ་ལེན་གྱི་གཉེན་འབྲེལ་བཙུགས་ནས་ཆབ་སྲིད་ཀྱི་མཛད་འཕྲིན་རླབས་པོ་ཞིག་སྤེལ་བ་ནི་བཙན་པོའི་རྒྱལ་རབས་ཁྲོད་ནས་འབུར་དུ་ཐོན་པའི་བྱ་གཞག་ཚད་མཐོར་སོང་བ་ཞིག་ཏུ་བརྩི་འོས། སྤུ་རྒྱལ་ནང་ཁུལ་གྱི་དཀའ་རྙོག་མཐའ་དག་སེལ་ཞིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཀྱི་བུ་མོ་བཙན་པོའི་བཙུན་མོར་བསུས་པའི་བྱས་རྗེས་དག་ནི་བོད་ཀྱི་རྒྱལ་རབས་ཆེན་མོའི་གཟི་བརྗིད་ཅིག་ལོས་ཡིན། རྒྱལ་བལ་གཉིས་ཀྱི་བུ་མོ་བཙན་པོའི་བཙུན་མོར་བསུས་པའི་ལོ་རྒྱུས་ཁྲོད་ན་ཡ་མཚན་པོའི་གཏམ་རྒྱུད་འགའ་ཡོད་རུང་། བཙུན་མོ་བསུས་པའི་སྐོར་ནི་ལོ་རྒྱུས་ཡིག་ཚང་རྙིང་པ་མང་པོའི་ནང་མཇལ་དུ་ཡོད་པ་ཞིག་ཡིན་སྟབས་དངོས་བྱུང་གི་ལོ་རྒྱུས་ཤིག་ཁས་ལེན་རིགས་པར་འོས་སོ།། རྒྱ་བལ་ཞང་གསུམ་ནས་བསུས་པའི་བཙུན་མོ་ཚོས་རང་ཡུལ་དྲན་རྟེན་གྱི་ཚུལ་དུ་ཅ་དངོས་འགངས་ཆེན་འགའ་བོད་དུ་ཁྱེར་ཡོང་བ་ནི་ཡུལ་དེ་གའི་ཆོས་ལུགས་དང་འབྲེལ་བའི་ལྷ་སྐུ་རྟེན་གསུམ་དག་ཡིན་པ་རེད། ཁོང་རྣམས་བོད་དུ་འབྱོར་དུས་རང་མི་རིགས་ཀྱི་ཆོས་ལུགས་གཙིགས་ཆེར་འཛིན་ནས་གོང་གསལ་ལྷ་སྐུ་བཤམ་སའི་ལྷ་ཁང་རེ་བཞེངས་འདོད་ནས་བཙན་པོ་ལ་ཡར་ཞུ་ཕུལ་བས་ཆོག་མཆན་ཆ་ཚང་གནང་སྟབས་བཙུན་མོ་རེས་ལྷ་ཁང་རེ་བཞེངས་པར་གྲགས། རྒྱལ་བལ་གཉིས་ཀྱི་བུ་མོས་ལྷ་ཁང་བཞེངས་པའི་ཐད་ལ་རྒྱལ་རབས་ཆོས་འབྱུང་ཁག་ནས་ཆེ་བསྟོད་ཚད་ལས་བརྒལ་བ་རེ་བཤད་དེ། ལོ་རྒྱུས་དངོས་ཀྱི་ངོ་གདོང་ཕལ་ཆེར་ནག་བསུབས་བཏང་བའི་ཚོད་དུ་བསྐྱལ་བ་ནི་སྔར་གྱི་ཆོས་འབྱུང་ཕལ་མོ་ཆེའི་འགྲོས་དང་མཐུན་པ་ཞིག་རེད། ད་ལན་ཁོ་བོས་བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་ཡི་གྲལ་ནས་ཞང་ཞུང་བཟའ་ལིག་ཏིང་སྨན་གྱིས་བཞེངས་པའི་ཐེམ་ཆེན་ལྷ་ཁང་སྐོར་ལ་ཅུང་ཟད་ཞུ་འདོད་བྱུང་། སྔར་གྱི་རྒྱལ་རབས་ཆོས་འབྱུང་རྙིང་པ་མང་པོའི་ནང་ནས་ལྷ་ཁང་འདིའི་ལོ་རྒྱུས་ཕྲན་བུ་ཞིག་གསལ་ཡང་། དེ་སྔོན་བོད་ཀྱི་མཁས་པ་སུ་ཞིག་གིས་ལོ་རྒྱུས་དེའི་སྐོར་ལ་དཔྱད་ཞིབ་ཁྱོན་ནས་བྱེད་མ་མྱོང་བའི་ཚོད་དུ་འདུག་པ་ནི་ཧང་སང་དགོས་པ་ཞིག་རེད། སྐབས་དེར་བོད་དུ་ཕྱི་ནང་རིག་གནས་མཉམ་འདྲེས་ཀྱི་དུས་མཚམས་གསར་པའི་ཁྲོད་དུ། བོད་རང་སའི་མིས་བྱ་གཞག་རང་རྐྱ་ཐུབ་པ་གང་ཞིག་བསྐྲུན་མིན་ངོས་འཛིན་བྱེད་རྒྱུ་ནི་རྩ་བའི་ཞིབ་འཇུག་གི་གནད་གལ་ཆེན་ཞིག་ཡིན་པ་རེད། ཡིན་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེར་རྩ་བ་བོར་ནས་ཡལ་ག་འཇུ་བའི་གོམས་གཤིས་ངན་པ་ཞིག་གི་དབང་དུ་འགྲོགས་ཡུན་རིང་བས། འདི་འདྲ་བའི་ལོ་རྒྱུས་ཀྱི་གསང་གནད་ལ་དཔྱོད་པའི་མིག་རྒྱང་ཐུང་དུ་སོང་བ་ཞིག་ཅི་སྟེ་མིན། བོན་གྱི་ལོ་རྒྱུས་ནས་ལྷ་ཁང་དེའི་སྐོར་གསལ་བ་ནི་ཆེས་ཉུང་ཉུང་ཡིན་པ་མ་ཟད་ད་ལྟའི་བར་དུ་འདིའི་སྐོར་ལ་དཔྱད་བརྗོད་གནང་མཁན་བོན་གྱི་མཁས་པ་ཕལ་ཆེར་བྱུང་མྱོང་མེད་པ་ཡིན་པ་འདྲ། དོན་དངོས་ཐོག་སྐབས་དེར་ཞང་ཞུང་བཟས་བཞེངས་པའི་ལྷ་ཁང་དེ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་འདྲ་བས་དེའི་ཐད་ལ་ཞིབ་འཇུག་གཏིང་ཟབ་ཅིག་ཐུབ་ན་ཞང་ཞུང་ཤེས་རིག་གི་རྣམ་པ་ཇེ་གསལ་དུ་འགྲོ་བ་དང་། བོད་རང་གི་ཆོས་རིག་གི་ཕུགས་ཐག་རིང་དུ་བསྲིང་ཐུབ་པའི་དགེ་མཚན་དུ་མ་ལྡན་ཡོད་པས། འདིའི་ཐད་ལ་ཞིབ་འཇུག་ཤ་བཙིར་རུས་བཙིར་ཞིག་ཡོང་བར་མུ་མཐུད་ནས་འབད་པའི་སྤྲོ་བ་འཕེལ། འོན་ཀྱང་སྔར་བྱུང་ལོ་རྒྱུས་ཁག་ལ་ལྷ་ཁང་འདིའི་སྐོར་ཞིབ་གསལ་མ་བྱུང་ཞིང་། རིག་རྙིང་ཕལ་ཆེར་མེ་འོབས་ཀྱི་ཁྲོད་དུ་བསྟིམས་ཟིན་པའི་རོ་མདོག་ཐོན་པའི་དུས་རབས་ཀྱི་སྣེ་མོ་ཞིག་ནས་བསྐྱར་དུ་ཕྱིར་བལྟས་བྱས་པ་ནི་མུན་ནག་ཁྲོད་དུ་ལག་རྙབ་བྱས་པ་དང་མཚུངས་པས་དོན་སྙིང་ལྡན་པའི་བདེན་གཏམ་ཞིག་ཅིས་ཀྱང་ཡོང་ཐབས་བྲལ། མ་ཟད་ལྷ་ཁང་འདི་ཉིད་ཀྱི་བཞེངས་ཡུལ་ས་གནས་ཁག་ལ་རྟོག་ཞིབ་རྒྱུས་ལོན་དང་། ལྷ་ཁང་འདི་དང་འབྲེལ་བའི་གྲོང་གསེབ་རྙིང་པ་ཁག་གི་མི་རྒན་ཚོའི་ངག་རྒྱུན་འདྲི་རྩད་སོགས་མདོར་ན་ས་གནས་དངོས་ལ་རྡོག་སྤོ་ཙམ་ཡང་བྱེད་མྱོང་མེད་ཅིང་། ཁང་པའི་སྦུག་ཏུ་ཤོག་ཐོག་ཁོ་ནར་གསལ་བའི་གནས་ཚུལ་དག་འགྲེལ་བཤད་སྟབས་གང་བདེའི་དབང་དུ་སོང་བ་ལས། ཡུལ་དངོས་དང་མཐུན་པའི་རྟོག་ཞིབ་དེ་ཙམ་བྱུང་མེད་པ་ནི་ཁོ་བོས་དྲན་སོས་བཞིན་ཡོད། གཤམ་ནས་ལིག་ཏིང་སྨན་གྱིས་བཞེངས་པའི་ལྷ་ཁང་དང་། བཙུན་མོ་རང་གི་མཚན་དོན་གྱི་ཐད་ལ་དཔེ་རྙིང་ཁག་ནས་བརྡ་ཆད་མི་འདྲ་བ་མང་པོ་འདུག་པ་དག་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་རིམ་བཞིན་བསྟར་གྱི་ཡིན། དང་པོ་ལྷ་ཁང་གི་མིང་ཐད་ལ་ཐ་སྙད་མི་འདྲ་བ་དཔེ་རྙིང་ཁག་ལ་གསལ་ཚུལ་སྐོར་དེ་མཚམས་སྦྱོར་ཞུས་ན་འདི་ལྟར། དུས་རབས་བཅུ་པའི་ནང་དུ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་(༩༥༦-༡༧༧)ཕྱི་ལོ་(༩༨༠)ལོར་གཏེར་ནས་བཏོན་པའི་བོན་གྱི་བྱམས་མ་2ལས། ཐེམ་ཆེན་ལྷ་ཁང་ཟེར་བ་དང་། སྤུ་རྒྱལ་སྲོང་བཙན་སྒམ་པོས་(༥༦༩-༦༠༤)བརྩམས་པར་གྲགས་པའི་མ་ཎི་བཀའ་འབུམ་3ནས། བྲག་ལྷ་ཀླུ་ཕུག་ཟེར། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་(༡༠༤༩)ལོར་ར་ས་འཕྲུལ་སྣང་གཙུག་ལག་ཁང་ནས་ཇོ་བོ་རྗེས་གཏེར་ནས་བཏོན་པར་གྲགས་པའི་བཀའ་ཆེམ་ཀ་ཁོལ་མ་4ལས། ཐེམ་བུ་ལྐོག་གི་ལྷ་ཁང་ཟེར། དུས་རབས་བཅུ་གཉིས་པའི་ནང་དུ་ཉང་ཉི་མ་འོད་ཟེར་(༡༡༢༤-༡༡༩༢)གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་5ལས། ལྐོག་པའི་ཐུགས་དམ་ཟེར། དུས་རབས་བཅུ་གཉིས་པའི་ནང་དུ་མཁས་པ་ལྡེའུ་བརྩམས་པའི་རྒྱ་བོད་ཆོས་འབྱུང་6ནས། ཟུར་བཞི་ལྷ་ཁང་བཞི་བརྩིགས་ཟེར། དུས་རབས་བཅུ་བཞི་པའི་ནང་དུ་སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི་དར་རྒྱས་གསལ་སྒྲོན་7ལས། ཐེམ་ཐེམ་ལྷ་ཁང་ཟེར། དུས་རབས་བཅུ་བཞི་པའི་ནང་དུ་ས་སྐྱའི་མཁས་པ་བསོད་ནམས་རྒྱལ་མཚན་(༡༣༡༢-༡༣༧༥)གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་8དུ། ཐིམ་བུ་སྐོག་གི་ལྷ་ཁང་ཞེས་འཁོད། དུས་རབས་བཅུ་དྲུག་པའི་ནང་དུ་དཔའ་བོ་གཙུག་ལག་ཕྲེང་བས་(༡༥༠༤-༡༥༦༦)བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་9ལས། ཐིམ་བུ་བཀོག་པའི་ལྷ་ཁང་ཞེས་ཟེར། མངའ་རིས་མཁན་ཆེན་གྱིས་བརྩམས་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་10ལས། ཐེམ་ཐེམ་ལྷ་ཁང་ཞེས་ཟེར། དུང་དཀར་ཚིག་མཛོད་11དུ། ཐིམ་དུ་བཀོག་པའི་ལྷ་ཁང་ཞེས་འཁོད། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱི་པདྨ་རཱ་གའི་ལྡེ་མིག་12ལས། ཐེམ་བུ་ལྐོག་གི་ལྷ་ཁང་ཟེར། གོང་གསལ་ལོ་རྒྱུས་ཁག་ནས་ལྷ་ཁང་གི་མིང་བརྡ་ཐ་སྙད་ཅུང་ཟད་མི་འདྲ་བ་མང་དུ་ཐོན་བ་ནི་རྩོམ་པ་པོས་ཡིག་ནོར་ཤོར་བ་དང་ཡུལ་སྐད་འདྲེས་པ་སོགས་ཡིན་སྲིད་ལ། ཡང་གོ་བ་ལེན་ས་གཞན་ཞིག་ནི་ལྷ་ཁང་གི་དབྱིབས་དང་ས་གནས་ཅི་རིགས་པའི་ཆ་ནས་བཏགས་པའི་སྣང་ཚུལ་ཡོང་གི་འདུག་པ་ནི། ལྡེའུ་ཆོས་འབྱུང་ནས་13ཟུར་བཞི་ལྷ་ཁང་ཟེར་བ་དེ་དབྱིབས་ཀྱི་ཆ་ནས་བཏགས་པར་མངོན། བོད་དུ་གནའ་དུས་མཁར་རྫོང་དང་ཁང་རྙིང་མང་པོ་དབྱིབས་གྲུ་བཞི་བྱེད་སྲོལ་ཡོད་པས་ཤེས་ནུས། དེ་མིན་ཐ་སྙད་མི་འདྲ་བ་ཅུང་ཟད་རེ་ཐོན་པ་ནི་དོན་ཐོག་ཐེམ་བུ་ལྐོག་ཞེས་པ་འདི་ལས་ཟུར་ཆག་ཤ་སྟག་ཡིན་པར་འདོད། བོན་གྱི་བྱམས་མའི་རྒྱལ་རབས་ནས་14ཐེམ་ཆེན་ལྷ་ཁང་ཟེར་བ་ནི་བསྡུས་མིང་ཞིག་སྟེ་ཐེམ་བུ་ལྐོག་གི་ལྷ་ཁང་ཆེན་མོ་ཞེས་པ་ལས་བསྡུས་པར་སེམས། ཆོས་འབྱུང་མཁས་པའི་དགའ་སྟོན་དང་དུང་དཀར་ཚིག་མཛོད་བཅས་15ནས། ཐེམ་བུ་བཀོག་པའི་ལྷ་ཁང་ཟེར་བ་ནི་ནོར་བར་སེམས་ཏེ། གཞུང་དེ་དག་གི་གཞི་བཅོལ་ས་བཀའ་ཆེམ་ཀ་ཁོལ་མ་ནས་ཐེམ་བུ་ལྐོག་པ་ལས་བཀོག་པ་ཞེས་མ་གསལ་བའི་ཕྱིར། ཡང་དར་རྒྱས་གསལ་སྒྲོན་ནས་16ཐེམ་ཐེམ་ལྷ་ཁང་ཟེར་བ་ནོར་བར་མངོན་ཏེ། སྐབས་དེའི་ལུང་འདྲེན་ཁུངས་བྱམས་མ་ནས་ཐེམ་ཆེན་ཟེར་བ་ལས་ཐེམ་ཐེམ་མ་བཤད་པས་ཕྱིས་འཕོ་འགྱུར་སོང་བར་གསལ་བཤད་བྱེད་ནུས། གཉིས་པ་བཙུན་མོ་རང་གི་མཚན་གྱི་ཐད་ལ་རྒྱལ་རབས་དང་ཆོས་འབྱུང་ཁག་ནས་ཐ་སྙད་མི་འདྲ་བ་བེད་སྤྱོད་བཏང་ཡོད་པ་དག་དཔེ་གཞུང་སོ་སོ་ནས་གསལ་བ་ལྟར་འདིར་དྲངས་ན། བཀའ་ཆེམ་ཀ་ཁོལ་མ་17ལས། ཞང་ཞུང་བཟའ་ཁྲིམས་བཙུན་ཞེས་ཟེར་བ་དང་། ཉང་ཆོས་འབྱུང་18ནས། ལྷ་གཅིག་མིག་སྨན་ཟེར། ལྡེའུ་ཆོས་འབྱུང་19ནས། ལིག་ཏིག་མིག་ཟེར། དར་རྒྱས་གསལ་སྒྲོན་20ནས། ལིག་ཏིང་སྨན། ཆོས་འབྱུང་མཁས་པའི་དགའ་སྟོན་21ནས། ལི་ཐིག་དམན། པདྨ་རཱ་གའི་ལྡེའུ་མིག་22ལས། ལི་ཐིག་སྨན། བྱམས་མའི་རྒྱལ་རབས་23ནས། ལེགས་ཏང་སྨན་ཅིག བོད་རྒྱ་ཚིག་མཛོད་ཆེན་མོ་24ལས། ལི་ཐིག་དམན། མངའ་རིས་མཁན་ཆེན་གྱིས་བརྩམས་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་25ལས། ལི་ཐིག་སྨན། སོགས་འབྲི་སྟངས་ཅུང་ཟད་མི་འདྲ་རེ་ཐོན་བ་ནི་ཧང་སང་དགོས་པ་དེ་འདྲ་ཅང་མ་ཡིན་པར། ལུང་ཚན་སོ་སོའི་སྒྲ་དོན་གྱིས་ཤན་ཞུགས་པ་དང་སྐབས་ཀྱི་རྩོམ་པོས་ཡིག་ནོར་ཤོར་བ་བཅས་ཅི་རིགས་པའི་ཐོག་ནས་མ་དག་པ་མང་པོ་ཡོང་སྲིད་པ་ཞིག་རེད་སྙམ། གང་ལྟར་རྩོམ་པ་པོ་རེ་རེས་ཅུང་ཟད་མི་འདྲ་བ་སྨོས་ཀྱང་འགྲེལ་བཤད་རེ་ཡོད་པའི་ངེས་པ་མེད་པ་མ་ཟད་ཕལ་ཆེར་སྒྲ་ཟུར་ཆག་པའི་ཚོད་དུ་འདུག་གོ། གོང་དུ་དར་རྒྱས་གསལ་སྒྲོན་ནས་བཤད་པའི་ལིག་ཏིང་སྨན་ཞེས་པ་འདི་ལ་ཅུང་ཟད་གོ་རྒྱུ་ཡོད་པར་མངོན། སྤྱིར་མི་ཡི་དངོས་མིང་ཡིན་ན་དེ་ནི་འདོད་དབང་གིས་བཏགས་པ་ཙམ་ལས་འགྲེལ་བཤད་བྱེད་དུ་ཡོད་པའི་ངེས་པ་མེད་ཀྱང་། གནའ་དུས་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་སྲས་ལ་མཚན་གསོལ་དུས་ཡབ་ཡུམ་གཉིས་ཀའི་མཚན་ཟུར་ནས་འདྲེན་སྲོལ་ཡོད་པ་འདིར་དཔེ་མཚོན་ཙམ་ཞིག་དྲངས་ན། ཡབ་མུ་ཁྲི་དང་། ཡུམ་སྨན་ཏིང་ཏིང་གཉིས་ཀྱི་སྲས་ལ། ཏིང་ཁྲི་བཙན་པོ་བཏགས་པ་ལྟ་བུ་རེད། འདིར་ཞང་ཞུང་རྒྱལ་པོའི་སྲས་མོའི་མཚན་ཡང་དེ་དང་ཚུལ་མཚུངས་པར་འདུག་སྙམ། གོང་གསལ་ལིག་ཏིང་སྨན་ཞེས་པ་འདི་ཞང་བོད་སྐད་འདྲེས་མ་ཞིག་སྟེ་ལིག་ཞེས་པ་འདི་རྒྱལ་པོ་ལིག་མི་རྐྱ་རང་གི་མཚན་ཟུར་ནས་དྲངས་པ་དང་། ཏིང་ཞེས་པ་ནི་ཞང་སྐད་དུ་ཆུ་ལ་འཇུག་པ་ཡིན་ཀྱང་འདི་ཡུམ་གྱི་མཚན་ཟུར་ནས་དྲངས་པ་ཨེ་ཡིན་ན་སྙམ་པ་རེ་བྱུང་། གནའ་དུས་ཏིང་ཏིང་སྨན་དང་ཏིང་ནམ་གཏུམ་མོ་ཟེར་བ་མང་པོ་བཏགས་སྲོལ་ཡོད་པ་དང་ཐག་ཉེ་བ་ཡིན། སྨན་ཞེས་པ་ནི་བོད་ཀྱི་སྐད་དུ་བུད་མེད་ཐུན་མོང་ལ་ཡོན་ཏན་གྱི་ཆ་ནས་འཇུག་ཀྱང་ཞང་སྐད་ལ་གོ་བ་ལེན་ས་གཞན་ཞིག་ཡོད་ཀྱང་ཆོག བཀའ་ཆེམ་ནས་བཤད་པའི་26ཁྲིམས་བཙུན་ཞེས་པ་ནི་ཁོ་མོ་སྲོང་བཙན་གྱི་བཙུན་མོ་བསུས་རྗེས་བོད་རང་གིས་བཏགས་པའི་མིང་ཞིག་ཡིན་པར་སྙམ། དཔེར་ན་བལ་མོ་བཟའ་ལའང་ཁྲིམས་བཙུན་ཞེས་བཏགས་པ་དང་གཅིག་པར་མངོན། བཙུན་མོ་དེ་ཉིད་ལ་རྒྱལ་རབས་ཁག་ནས་ཡོངས་གྲགས་སུ་ཞང་ཞུང་བཟའ་ཞེས་འབོད་ཀྱི་ཡོད་པ་ནི་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱའི་སྲས་མོ་ཡིན་ཚུལ། ཉང་ཆོས་འབྱུང་27དང་། ལྡེའུ་ཆོས་འབྱུང་28། ཆོས་འབྱུང་མཁས་པའི་དགའ་སྟོན་29 བོད་རྒྱ་ཚིག་མཛོད་ཆེན་མོ་བཅས་ནས ་30གསལ།
ལྷ་ཁང་བཞེངས་ཡུལ་ཐད་ལ་ངག་སྒྲོས་སུ་ངོས་འཛིན་མི་འདྲ་བ་གསུམ་ཙམ་ཡོད་སྐོར།
ཁོ་བོས་ད་ལན་དཔེ་གཞུང་མང་པོ་དཔྱད་བསྡུར་བྱེད་ཁུལ་ཡིན་ཀྱང་ལྷ་ཁང་དེའི་གནས་ཡུལ་གང་ཡིན་ཁ་གསལ་གཏིང་གསལ་ཞིག་ཤོད་མ་ཐུབ་སྟབས། ལྷ་ཁང་འདིའི་གནས་བབས་དོ་སྣང་མཛད་མཁན་མང་པོར་འདྲི་རྩད་བྱས་པར་ངག་རྒྱུན་ཤོད་སྲོལ་གསུམ་ཙམ་འདུག་པ་དག འབྱུང་འགྱུར་ལྷ་ཁང་འདི་ལ་རྟོག་ཞིབ་ཚགས་ཚུད་བྱེད་མཁན་འདྲ་བྱུང་ན་དཔྱད་གཞི་རུ་དམིགས་ནས་ངོ་སྤྲོད་ཙམ་ཞུ་འདོད་བྱུང་། འོན་ཀྱང་དེ་དག་ཚད་ཐུབ་རྒྱབ་ལྗོངས་སྨར་བ་གལ་གནད་ཅན་དེ་འདྲ་ཅང་མིན་རུང་ངག་རྒྱུན་བཤད་སྒྲོས་རྣམས་སྣང་མེད་དུ་མ་གཡུག་ནས་རེ་ཞིག་ཤོག་ཐོག་ཏུ་འགོད་ན་བསམ། དང་པོ་འབྲས་སྤུངས་དགོན་པའི་གཡས་ཟུར་ལི་ཤུའི་སྒྲུབ་གནས་སུ་འབོད་པའི་ཤེལ་གྱི་བྲག་དཀར་རྩེ་རྫོང་ཟེར་སའི་གནས་སུ་ངོས་འཛིན་བྱེད་སྲོལ་ཡོད་འདུག འདིར་ངོས་འཛིན་བྱེད་པའི་མི་རྣམས་ཀྱིས་རྒྱབ་ལྗོངས་རྒྱུ་མཚན་ནི་གཤམ་གྱི་གྲོང་སྡེ་དག་གིས་གནས་འདིར་བདུད་ཀྱི་བྲག་ཕུག་དང་བོན་དང་འབྲེལ་བ་ཡོད་སྐོར་བཤད་ནས་མ་རུང་བར་བརྩིས་ཏེ་འཛེམ་ཟོན་བྱེད་སྲོལ་ཡོད་སྟབས། དུས་སྔ་མོ་ནས་བོན་དང་འབྲེལ་བ་ཡོད་པའི་གནས་རི་ཡིན་པ་ཤེས་རྟོགས་ཐུབ་པ་དང་རི་གཤམ་གྲོང་སྡེ་དག་གིས་ཀྱང་བོན་དང་འབྲེལ་ཡོད་གནས་རིར་བཤད་སྲོལ་ལ་གཞིགས་ནས་ཞང་ཞུང་བཟས་བཞེངས་པའི་ལྷ་ཁང་གི་གནས་ཡུལ་འདིར་ངོས་འཛིན་བྱེད་ཀྱི་ཡོད་འདུག ད་དུང་ལྷ་ས་ཁུལ་གྱི་སྡེ་བ་མང་པོའི་ངག་རྒྱུན་ལ་གནས་དེ་བོན་དང་འབྲེལ་བ་ཡོད་སྐོར་བཤད་ནས་བཙོག་པར་ལྟ་བའི་རྒྱུ་མཚན་དུ་མ་འདྲེན་རྒྱུ་འདུག ཡང་ངོས་འཛིན་བྱེད་ཡུལ་གཅིག་ནི་ལྷ་སའི་ཇོ་ཁང་གི་རྒྱབ་ལོག་དེང་སྐབས་ཁ་ཆེའི་ལྷ་ཁང་དང་ཐག་ཉེ་བའི་སར་སྔོན་ཆད་བོད་ས་གནས་སྲིད་གཞུང་སྐབས་ནས་ཐེམ་བུ་ལྐོག་ཅེས་འབོད་སྲོལ་ཡོད་པ་དང་མཁར་ཤུལ་འགའ་ཡང་ཡོད་འདུག་པས་དེར་ངོས་འཛིན་བྱེད་དགོས་ཚུལ་གླེང་། ས་གནས་དེ་ཉིད་ཕྱིས་གྲོང་ཁྱེར་གྱི་ཁང་པས་བཏུམ་ནས་མི་མཐོང་བར་བྱས་པས་ད་ལྟ་ཤུལ་ཙམ་ཡང་ངོས་འཛིན་མི་ནུས་པ་ཡིན། མདོར་ན་བཤད་སྲོལ་དེ་ངག་རྒྱུན་ཙམ་ལས་རྒྱབ་ལྗོངས་རྒྱུ་མཚན་གཏན་ཚིགས་ལྕི་བ་དེ་འདྲ་ཅི་ཡང་གླེང་དུ་མེད་ལ། ཧ་ཅང་ཡིད་རྟོན་རུང་བའི་གཏམ་ཞིག་དེ་བས་ཀྱང་མིན་ཚོད་རེད། ཡང་ངོས་འཛིན་བྱེད་ཡུལ་གཅིག་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་རྒྱུད་སྤྱི་ལེ་ཉི་ཤུ་ཙམ་གྱི་སར་གནས་པའི་བྲག་ཡེར་པའི་ལུང་མདའ་རུ་ཡིན་པར་ངོས་འཛིན་བྱེད། གནས་དེར་དགོན་པ་ཆགས་ཤུལ་ལྟ་བུའི་གནའ་ཤུལ་མཁར་རོ་མང་པོ་ཡོད་སྐོར་བཤད་སྲོལ་མཆིས། འོན་ཀྱང་ས་གནས་དེར་དེང་སྐབས་རྒྱལ་ཁབ་ཀྱིས་རླངས་འཁོར་ཞིབ་བཤེར་བྱེད་སའི་ས་ཚུགས་ཁེལ་ནས་ཡུལ་ལ་འཕོ་འགྱུར་ཆེན་པོ་ཕྱིན་པས་ཐེམ་ཆེན་ལྷ་ཁང་ཞིག་ཤུལ་དུ་གྲགས་པ་ནི་ཁང་གསར་གྱི་ལྕགས་རའི་ནང་དུ་ཚུད་ནས་ཡོད་འདུག ད་ལྟའི་ཆར་ལྷ་ཁང་དེའི་གནས་ཡུལ་བྲག་ཡེར་པའི་ཕྱོགས་སུ་ངོས་འཛིན་བྱེད་མཁན་ཇེ་མང་འགྲོ་བཞིན་ཡོད་འདུག་ལ་གནའ་དུས་བོན་བསྟན་གཙོ་ཆེར་དར་སའི་ས་ཚིགས་གལ་ཆེན་འདུ་གནས་སོ་བདུན་གྱི་ནང་ཚན་བྲག་ཡེར་པ་ཞེས་པ་དེ་གནས་འདིར་ཡིན་སྐོར་ཚད་ལྡན་བོན་གྱི་ལོ་རྒྱུས་ཁག་ནས་31བཤད། བོན་གྱི་བསྟན་འབྱུང་ལོ་རྒྱུས་ལ་གཞིག་ན་ལྷ་ས་ཡེར་པ་ནི་སྤུ་རྒྱལ་གཉིས་པ་མུ་ཁྲིའི་དུས་སུ་འདུ་གནས་གལ་ཆེན་དུ་གྱུར་ཕྱིན། དུས་རབས་བརྒྱད་པའི་བར་བོན་གཤེན་དག་གིས་སྒྲུབ་པ་ཉམས་ལེན་གནང་སའི་གནས་ཁྱད་པར་ཅན་དུ་གྱུར་པ་མ་ཟད། དུས་རབས་བརྒྱད་པའི་ནང་དུ་བོན་བསྟན་གཏོར་རྒོལ་སྐབས་སུ་ཡང་བོན་གྱི་གསུང་རབ་རྟེན་གསུམ་གནས་དེར་སྦས་སྐུང་བྱས་པའི་ལོ་རྒྱུས་རྒྱས་པར་འཁོད་ཡོད། སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་གནས་འདིར་བོན་གཤེན་རིག་འཛིན་ཇི་སྙེད་ཅིག་བཞུགས་ཡོད་ངེས་པས། ཁོ་པ་ཕན་ཚུན་མཉམ་དུ་འབྲེལ་ཏེ་གཅིག་ཕན་གཅིག་གྲོགས་ཚུལ་དུ་ཞང་བཟའ་ལིག་ཏིང་སྨན་གྱིས་ལྷ་ཁང་ས་གནས་འདིར་བཞེངས་སྐོར་རྒྱབ་ལྗོངས་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཡོད་པ་ཞིག་རེད་སྙམ། གོང་གསལ་ངག་རྒྱུན་དུ་བཤད་སྲོལ་མི་འདྲ་བ་གསུམ་ཕུད་པའི་ཡ་ཐོག་དཔེ་རྙིང་ཁག་ནས་ལྷ་ཁང་དེའི་བཞེངས་ཡུལ་ཁ་གསལ་དོད་པོ་ཞིག་ཡོད་དམ་ཞེ་ན། བཀའ་ཆེམ་ཀ་ཁོལ་མ་ནས་32ཡེར་པ་ཐེམ་བུ་ལྐོག་ཅེས་གསལ་བས་ཡེར་པ་ཞེས་པ་དེ་ལྷ་ཁང་བཞེངས་ཡུལ་གྱི་ཐད་ལ་གོ་བ་ཡིན་ནམ་ཡང་ན་གོ་བ་གཞན་ཞིག་ཡོད་གསལ་ཁ་ཡོད་པ་ཞིག་ཐག་གཅོད་བྱེད་མ་ཐུབ། ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱིས་ལྕགས་ཁ་ཁོང་ཞེས་པའི་ཡུལ་དུ་བཞེངས་ཚུལ་བཤད་33ཡོད་རུང་དེང་སྐབས་གནས་་གང་དུ་ངོས་འཛིན་དགོས་མིན་སུས་ཀྱང་ཧ་མི་གོ་བ་ཡིན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་ནས་ལྷ་ཁང་དེ་ས་གནས་གང་དུ་ཡོད་མེད་དཔྱད་གཞིའི་ཡིག་ཆ་མ་རྙེད་ཚུལ་34དང་ས་གནས་འདི་ཞེས་ངོས་བཟུང་དཀའ་ཚུལ་35ཐེངས་གཉིས་ཙམ་གླེང་ཡོད། ཕྲན་ནས་ད་ལན་ལྷ་ཁང་དེའི་གནས་ཡུལ་དངོས་ལ་ཤེས་རྟོགས་ཡོང་ཕྱིར་དཔེ་རྙིང་མང་པོ་བསྔོགས་འདོན་ཁྲོད་ནས་དབུས་ཁུལ་འཕན་ཡུལ་སྨད་རྒྱུད་དུ་ཐེམ་བུ་ལྐོག་ཅེས་པའི་ཡུལ་ཞིག་ཡོད་པ་མཐོང་བས་འདི་ལ་ངོས་འཛིན་དགོས་པར་སྣང་། བཀའ་ཆེམ་ཀ་ཁོལ་མ་ནས་36དབུ་རུ་འཕན་ཡུལ་གྱི་མདོ་སྨད་ཐེམ་བུ་ལྐོག་ཅེས་བྱ་བ་ནས་ར་ལ་ས་བཀལ་ཏེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་སྐོར་གསལ་བས། འདིར་འཕན་ཡུལ་ཐེམ་བུ་ལྐོག་ཅེས་པ་ནི་ཞང་ཞུང་བཟས་བཞེངས་པའི་ཐེམ་བུ་ལྐོག་གི་ལྷ་ཁང་གི་གནས་ཡུལ་དངོས་ཡིན་པ་རྟོགས་ནུས། ལྷ་ཁང་དེའི་མིང་ལ་དཔེ་རྙིང་ཕལ་མོ་ཆེ་ནས་ཐེམ་བུ་ལྐོག་ཅེས་སྨོས་བཞིན་འདུག་པ་ནི་ས་གནས་ཀྱི་ཆ་ནས་བཏགས་པ་མངོན་གསལ་དོད་པོ་ཡིན་འདུག ཞང་ཞུང་བཟས་བཞེངས་པའི་ལྷ་ཁང་དེའི་མིང་ལ་ཐེམ་བུ་ལྐོག་ཅེས་འབོད་བཞིན་འདུག་པ་དེ་ས་གནས་ཐེམ་བུ་ལྐོག་དང་མ་འབྲེལ་ན་དེ་མིན་གོ་བ་ལེན་རྒྱུར་དཀའ་ཁག་ཆེན་པོ་རེད་སྙམ། དེར་མ་ཟད་དབུ་རུ་འཕན་ཡུལ་ཐེམ་བུ་ལྐོག་ནས་ར་བརྒྱ་ཕྲག་མང་པོར་ས་བཀལ་ནས་ར་ས་གཙུག་ལག་ཁང་བཞེངས་སྐོར་གསལ་བར་གཞིག་ན་གནས་དེར་གཞན་དང་མ་འདྲ་བའི་ས་སྤུས་ཡོད་པ་རྟོགས་ནུས་པས། ཞང་ཞུང་བཟས་ལྷ་ཁང་དེར་བཞེངས་ཐད་ལ་ཆ་རྐྱེན་རང་འགྲིག་གང་འཚམས་ཡོད་པར་མངོན། དེ་མིན་རྒྱུ་མཚན་ཕྲན་བུ་རེ་ཁུར་ནས་ངོས་འཛིན་མི་འདྲ་བ་དུ་མ་ཞིག་བྱེད་པ་ནི་སོ་སོའི་འདོད་དབང་ཙམ་ལས་བདེན་པའི་རྒྱབ་རྟེན་ནི་ཆེས་སྲབ་པའོ།།
ལྷ་ཁང་དེ་ཉིད་ཞང་ཞུང་ཤེས་རིག་དང་འབྲེལ་ནས་ཡོད་ཚུལ།
སྤྱིར་ཞང་ཞུང་ནི་ལོ་རྒྱུས་ཐོག་བོན་གྱི་ཆོས་ལུགས་དར་སའི་ས་གནས་གལ་ཆེན་ཞིག་ཡིན་པ་མ་ཟད་སྟོན་པ་གཤེན་རབ་མི་བོ་སྐུ་དངོས་ཀྱི་འཕྲིན་ལས་ཆ་ཚང་སྐྱོང་སའི་ཡུལ་གྲུ་ཞིག་ཡིན་པས་བོན་དང་ཞང་ཞུང་གི་འབྲེལ་བ་ནི་ཆུ་དང་ཉ་མོའི་ཚུལ་དུ་གནས་པ་འདས་པའི་ལོ་རྒྱུས་ཀྱིས་གསལ་སྟོན་ནན་པོ་བྱས་ཡོད། དུས་རབས་དྲུག་པའི་ནང་དུ་རྗེ་སྲོང་བཙན་གྱི་བཙུན་མོ་དག་གིས་ལྷ་ཁང་མང་པོ་ཞིག་བཞེངས་པའི་ཁྲོད་ནས་མི་རིགས་རང་སའི་ཆོས་རིགས་དང་འབྲེལ་བ་ཡོད་པ་ནི་ཞང་ཞུང་དབུས་ཀྱི་རྒྱལ་པོའི་སྲས་མོ་ལིག་ཏིང་སྨན་གྱིས་བཞེངས་པའི་ལྷ་ཁང་འདི་ཉིད་ཡིན་པ་ལས། རྒྱ་བལ་གཉིས་ཀྱི་བུ་མོས་བཞེངས་པའི་ལྷ་ཁང་དེ་དག་ནི་བོད་རང་གི་ཤེས་རིག་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད། ལྷ་ཁང་དེ་ཉིད་ནི་ཞང་ཞུང་བཟའ་རང་ཉིད་ཀྱིས་གཙོ་འགན་བཞེས་ནས་བཞེངས་པའི་ལྷ་ཁང་ཞིག་ཡིན་སྟབས་ཕྱི་ཡི་བཟོ་བཀོད་དང་ནང་གི་ལྷ་སྐུ་རྟེན་གསུམ་སོགས་ཞང་ཞུང་རང་གི་ཤེས་རིག་ཁོ་ན་བེད་སྤྱད་པ་ཞིག་ཡིན་པས་འདིའི་ཐད་ལ་དཔྱད་གཞི་རིན་ཐང་ལྡན་ཡོད། ལར་མི་རྣམས་ཀྱི་བསམ་པར་ལྷ་ཁང་དེ་ནི་ཞང་ཞུང་བཟས་རྒྱ་བལ་གཉིས་ཀྱི་བུ་མོར་ལད་ཟློས་ཚུལ་དུ་ཕྱོགས་གཞན་གྱི་ཆོས་ལུགས་ཤེས་རིག་ཐད་ཀར་དང་ལེན་བྱས་པ་ལས། ཞང་ཞུང་བཟའ་ལ་རང་རྐྱ་ཐུབ་པའི་ལྷ་ཁང་ཞིག་བཞེངས་པའི་ཆ་རྐྱེན་ཡོད་ན་སྙམ་པ་རེ་འབྱུང་མོད། དེ་འདྲ་ནི་མ་ཡིན་ཏེ་སྐབས་དེར་ཞང་ཞུང་བཟས་བཞེངས་པའི་ཐེམ་ཆེན་ལྷ་ཁང་ནི་གཡུང་དྲུང་བོན་གྱི་ལྷ་ཁང་ཞིག་ཡིན་པར་གསལ་ཏེ། གཤེན་རབ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཅིག་གདན་དྲངས་ནས་ནང་རྟེན་དུ་བཞུགས་པ་བོན་གྱི་བྱམས་མའི་རྒྱལ་རབས་དང་37། དར་རྒྱས་གསལ་སྒྲོན38། མངའ་རིའི་མཁན་ཆེན་གྱིས་བརྩམས་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་བཅས་ལས་39གསལ་བས་སོ།། དེ་མིན་ཆོས་འབྱུང་དང་རྒྱལ་རབས་རྙིང་པ་མང་པོའི་ནང་དུ་ཞང་ཞུང་བཟས་ལྷ་ཁང་བཞེངས་སྐོར་གསལ་པོ་ཡོད་ཀྱང་ཐུབ་པའི་ཆོས་དང་འབྲེལ་བའི་ལྷ་སྐུ་གསུང་རབ་གང་ཞིག་བཞེངས་ཚུལ་མི་གསལ་མོད། དུས་རབས་དྲུག་པའི་ནང་དུ་ཞང་ཞུང་ནི་བོད་ནུབ་ཕྱོགས་ས་གནས་ཁག་ལ་དབང་བསྒྱུར་ཤུགས་ཆེར་བྱས་པའི་སྟོབས་ཆེན་གྱི་ཡུལ་སྡེ་ཞིག་ལ་ངོས་འཛིན་བྱེད་འོས། ཡུལ་འདིར་སྟོན་པ་གཤེན་རབ་མི་བོས་གཡུང་དྲུང་བོན་གྱི་ཆོས་ལུགས་སྲོལ་བཏོད་རྗེས་ཁོང་གི་བསྟན་པ་དར་སའི་ས་གནས་ལྟེ་བར་གྱུར་པ་ཡིན། སྟོན་པ་གཤེན་རབ་མི་བོས་སྲོལ་བཏོད་མཛད་པའི་ཐེག་པ་རིམ་དགུ་སོགས་བོན་སྡེ་གསུངས་སའི་ས་གནས་མང་པོ་ཞིག་དེང་སྐབས་གངས་རིན་པོ་ཆེའི་ཉེ་སྐོར་དུ་ངོས་འཛིན་བྱེད་རྒྱུ་ཡོད། དུས་རབས་དྲུག་པའི་ནང་དུ་བཙན་པོའི་མངའ་ཐང་ནི་མེ་ལྕེ་མཆེད་པ་བཞིན་ཡར་རྒྱས་སུ་འགྲོ་མུས་ཡིན་སྟབས། ནང་ཁུལ་གྱི་རྒྱལ་ཕྲན་མང་པོ་ཞིག་དབང་དུ་བསྡུས་པ་མ་ཟད་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ལ་ཡང་འབྲེལ་ལམ་བཟོ་རྒྱུའི་ཐབས་ཤེས་བཏང་པའི་སྲིད་དོན་གྱི་ཁྲོད་ནས། ཞང་ཞུང་རྒྱལ་པོ་ལ་བུ་མོ་ཕར་སྤྲད་དང་མནའ་མ་ཚུར་བསུ་བྱས་ཏེ་དམིགས་བསལ་གཉེན་འབྲེལ་དམ་ཟབ་ཅིག་བཙུགས་པ་དེས། སྐབས་དེར་ཞང་ཞུང་ལ་ཆབ་དཔལ་རིག་གསུམ་གྱི་མངའ་ཐང་དར་རྒྱས་སུ་ཡོད་པར་མཚོན་ནུས་པ་ཡིན། དེ་མིན་སྲོང་བཙན་སྒམ་པོས་བོད་ནས་མནའ་མ་མ་རག་ནས་ཞང་ཞུང་རྒྱལ་པོ་ལ་བུ་མོ་སློང་མོ་བརྒྱབ་པ་ཞིག་ཡིན་མི་སྲིད་དོ།། ཆོས་འབྱུང་ཁག་ནས་རྒྱལ་བལ་གཉིས་ཀྱི་བུ་མོ་བསུ་ལེན་བྱས་ཚུལ་ལ་ལོ་རྒྱུས་ལས་གཏམ་རྒྱུད་མང་བ་བྱས་ནས་སྐྱོར་ཟློས་ཡང་ཟློས་ཀྱི་ཚུལ་དུ་བཤད་ཀྱང་། བོད་རང་གི་བུ་མོ་ཞང་ཞུང་བཟའ་དང་། མང་བཟའ། མེ་ཉག་བཟའ་གསུམ་བཙན་པོའི་བཙུན་མོ་བསུས་ནས་ལྷ་ཁང་རེ་བཞེངས་པ་ཙམ་གྱི་ལོ་རྒྱུས་ལས་ཞིབ་ཆའི་གནས་ཚུལ་གང་ཡང་བཀོད་མེད་པ་ནི་གཅིག་ནས་ལྷ་ཁང་དེ་དག་བོན་དང་འབྲེལ་ནས་ཡིན་པའམ། ཡང་ན་ཡུལ་གྲུ་གཞན་དག་ཞིང་ཞིག་ཏུ་བསྒོམས་ནས་བོད་རང་གིས་རང་ཀླ་ཀློ་ཞིག་ཏུ་ཤུགས་ཀྱིས་གཏོང་བའི་གོམས་གཤིས་ངན་པ་དེའི་དབང་གིས་ཡིན། གོང་གི་མང་བཟའ་ཁྲི་ལྕམ་དང་། མེ་ཉག་བཟའ་རུ་ཡང་གཉིས་ཀྱིས་བཞེངས་པའི་ལྷ་ཁང་ཡང་བོན་ལུགས་སུ་འབྲེལ་བ་ཡོད་དགོས་པ་ཞིག་རེད། ཁོང་གཉིས་ནི་བོད་རང་གི་བུ་མོ་ཡིན་ལ་སྐབས་དེར་ཐུབ་པའི་ཆོས་དང་འབྲེལ་ལམ་བྱུང་བའི་གནད་དོན་གང་ཡང་མེད། ཕྱིས་བོན་བན་གཉིས་འགལ་བ་ཆེ་ཆེར་ཕྱིན་ནས་བོན་གྱི་རིག་གནས་རིམ་བཞིན་ཇེ་སྲབ་ཏུ་བཏང་པའི་རྒྱུད་རིམ་ཁྲོད་ནས་རྒྱ་བལ་གཉིས་ཀྱི་བུ་མོའི་ལྷ་ཁང་མཛེས་བརྗིད་ཆེ་ཆེར་ཕྱིན་ཅིང་། བོད་རང་གི་བུ་མོས་བཞེངས་པའི་ལྷ་ཁང་དེ་དག་ངོ་བོ་གནས་སྟངས་སྣུམ་ཟད་ཀྱི་མར་མེ་ལྟར་ཤུལ་མེད་པར་གྱུར་བ་ནི་དེ་བས་ཀྱང་དཔྱད་གཞིའི་ངོ་བོ་ཇེ་གསལ་དུ་སོང་བ་ཡིན་པར་སྙམ། སྐུ་ཞབས་ཐུབ་བསྟན་ཕུན་ཚོགས་ཀྱིས་ཞང་ཞུང་བཟས་བཞེངས་པའི་ལྷ་ཁང་ནི་ཁྲི་སྲོང་དུས་སུ་བོན་ཆོས་ལ་གཏོར་རྒོལ་གཏོང་སྐབས་མེད་བརླགས་སུ་སོང་སྐོར་ཚོད་དཔག་མཛད་ཡོད་པ་ནི། བོན་ཆོས་སྤྱི་ཡི་གོད་ཆག་དང་བསྟུན་པའི་གཏམ་ཞིག་ཡིན་པར་མངོན། དེ་མིན་ཁོང་གིས་དཔེ་རྙིང་གི་ངོ་གདོང་མཇལ་བའི་སྐད་ཆ་ཡིན་སྐོར་ནི་མི་གསལ། དེས་ན་ལྷ་ཁང་དེ་དུས་རབས་གང་ཞིག་གི་ནང་དུ་འཐོར་ཞིག་ཏུ་སོང་བ་ང་ཚོ་སུས་ཀྱང་གླེང་མི་ཐུབ་ལ་ལོ་རྒྱུས་ཁག་ནས་ཀྱང་གསལ་ཁ་དོད་པའི་ཚིག་གཅིག་ད་བར་མ་མཇལ། ཐེངས་དང་པོར་ཞང་ཞུང་བཟས་ཕྱི་དབྱིབས་གསེར་དངུལ་ཟངས་གསུམ་གྱིས་ཕྱུག་ཅིང་། ནང་གི་རྟེན་གཙོ་གཤེན་རབ་མི་བོའི་སྐུ་བརྙན་གཙོ་བོར་བྱས་པའི་མཛེས་བརྗིད་ལྡན་པའི་ལྷ་ཁང་བཞེངས་བསྐྲུན་གནང་ཡོད་པ་ནི་ལོ་རྒྱུས་དཔྱད་ཞིབ་ཀྱི་ཁྲོད་ནས་མཐོང་ཡོང་བ་ཞིག་རེད། འོན་ཀྱང་བོན་ཆོས་ཁྱད་གསོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བའི་བརྒྱུད་རིམ་ནས་ལྷ་ཁང་དེའི་མིང་ཙམ་ཤོག་ཐོག་ཏུ་ལྷག་པ་ལས་གཞན་པའི་གནས་ཚུལ་ཅང་མཐོང་དུ་མེད་པར་གྱུར་བ་ནི་བོད་གདོད་མའི་རིག་གནས་གཞན་དང་མཚུངས་པའི་གནས་སྟངས་ཤིག་རེད། མདོར་ན་ལོ་ངོ་སྟོང་ཚོ་ལྷག་གི་ལོ་རྒྱུས་ལྡན་པའི་ཐེམ་ཆེན་ལྷ་ཁང་གི་ཤུལ་ཙམ་ཡང་ངོས་འཛིན་བྱེད་དཀའ་བའི་གནས་སུ་གྱུར་པ་ནི་བོད་གནའ་བོའི་རིག་གནས་ལ་གོད་ཆག་ཆེན་པོ་བྱུང་བའི་དན་རྟགས་ཡིན་ཞེས་བརྗོད་ཆོག
ལྷ་ཁང་དེ་ཉིད་བོད་ལྗོངས་ཀྱི་གནའ་མཁར་གལ་ཆེན་ཞིག་ཡིན་སྐོར།
འཛམ་གླིང་ཐ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་རྒྱང་རྒྱུ་པའི་མིག་ངོར་མཛེས་བརྗིད་ཀྱི་འོད་རླབས་འཕྲོ་བའི་ཕོ་བྲང་པོ་ཏ་ལ་དང་། དགའ་བཞི་འཕྲུལ་སྣང་གཙུག་ལག་ཁང་། ར་མོ་ཆེའི་ལྷ་ཁང་། བསམ་ཡས་གཙུག་ལག་ཁང་སོགས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལྗོངས་དབུས་ཀྱི་གནའ་མཁར་དག་ནི་དེང་ལྗོངས་རིམ་པའི་རིག་གནས་སྲུང་སྐྱོབ་ཀྱི་ཁྲོད་དུ་གོ་གནས་ཆེ་ཆེར་འཛིན་པ་མ་ཟད། དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་ལག་གི་ཐལ་མོ་ཟུམ་ས་ཞིག་ཡིན་གཤིས། མི་རིགས་རང་ཉིད་ཀྱི་ཟུངས་ཁྲག་འདྲེས་པའི་མེས་པོའི་རིག་གནས་དར་སའི་གནའ་མཁར་གཡུང་དྲུང་བོན་ལུགས་དང་འབྲེལ་བའི་ལྷ་ཁང་ཇི་སྙེད་ཅིག་ཡོད་པའི་ཁྲོད་ནས། དུས་རབས་དྲུག་པའི་ནང་དུ་བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ཞང་ཞུང་བཟའ་ལིག་ཏིང་སྨན་གྱིས་བཞེངས་པའི་ཐེམ་ཆེན་ལྷ་ཁང་ནི། བཙན་པོའི་རྒྱལ་རབས་མངའ་ཐང་དར་བའི་སྐབས་ཞང་བོད་གཞུང་འབྲེལ་གྱི་ཐོག་ནས་ཆག་བཏབ་གནང་བའི་བོད་ཀྱི་གནའ་མཁར་གལ་ཆེན་ཞིག་ཡིན་རུང་། བར་དེར་ཆོས་ལུགས་འཐེན་འཁྱེར་དང་གྲུབ་མཐའི་འཁོན་འཛིན་དབང་གིས་བོད་གནའ་བོའི་རིག་གཞུང་ཉམས་དམས་སུ་བཏང་སྟེ། དུས་རབས་བརྒྱུད་རིམ་གྱི་ཁྲོད་ནས་དོན་མེད་བསྙོན་འཛུགས་དང་ཟུར་ཟ་ཁྱད་གསོད་ཁོ་ནར་བྱས་པའི་མཇུག་འབྲས་སུ། བོན་ཆོས་དང་འབྲེལ་བའི་གནའ་མཁར་ཕལ་ཆེར་རྡོ་ར་ཞིག་རོ་དང་མཚེར་ཤུལ་མཁར་རོ་ཙམ་ལས་མེད་པར་གྱུར་པའི་གོད་ཆག་གི་བཤུལ་ལམ་དེད་ན་སེམས་སྐྱོ་བའི་གནས་སུ་གྱུར་མོད། འོན་ཀྱང་འདས་པའི་ལོ་རབས་ཀྱི་ཁྲོད་ནས་བོད་དབུས་ཁུལ་གྱི་གྲགས་ཅན་ལྷ་ཁང་ཁག་གི་ཁྲོད་ནས་གོ་གནས་ཆེ་ཆེར་འཛིན་མྱོང་བའི་ཐེམ་བུ་ལྐོག་གི་ལྷ་ཁང་དེ་ཉིད་ནི་བོད་ལྗོངས་ཀྱི་རྩ་བའི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། སྤུ་རྒྱལ་བཙན་པོའི་རིག་གནས་ཀྱི་མཆེད་ཁུངས་གནའ་བོའི་ཞང་ཞུང་གིས་བཞེངས་གྲུབ་གནང་བ་ཞིག་ཡིན་པ་དང་། རྒྱལ་ཁབ་དུ་མའི་རིག་གནས་འགྲན་རྩོད་ཀྱི་བར་ནས་བོད་ཀྱི་བུད་མེད་གཅིག་གིས་ལྷག་བསམ་དང་སྙིང་སྟོབས་ཀྱིས་བཞེངས་པའི་ལྷ་ཁང་ཞིག་ཡིན་ཕྱིར་བོད་ཀྱི་སྐྱེས་མའི་ལོ་རྒྱུས་ཀྱི་སྟོང་ཆ་ལ་ཁ་གསབ་ཆེན་པོ་བྱེད་ནུས་པ་ཡིན། དེང་སྐབས་སྟོབས་འབྱོར་རིག་གསུམ་གྱི་ལང་ཚོ་སྨིན་པའི་བོད་ལྗོངས་གསར་པས་སླར་ཡང་བསྐྱར་བཞེངས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོར་གྱུར་ཡོད་ལ། ད་ཆ་རྒྱལ་ཕྱི་ནང་དང་རང་རྒྱལ་ལྗོངས་རིམ་པ་ཁག་ནས་མགྲིན་གཅིག་ཏུ་ཞང་ཞུང་ཤེས་རིག་ལ་གདེང་འཇོག་ཆེ་ཆེར་བྱེད་མུས་ཡིན་རུང་། གནའ་བོའི་ཞང་ཞུང་གི་རིག་གནས་སྣེ་གཅིག་ལ་ཞིག་ས་ནས་གསོ་མ་ཐུབ། བསྒྱེལ་ས་ནས་སློང་མ་ཐུབ། རལ་ས་ནས་ཚེམ་མ་ཐུབ་ན་གླེང་བཞིན་པའི་སྐད་ཆ་གཅིག་པུས་ཞང་ཞུང་ཤེས་རིག་གི་ཚེ་སྲོག་སྐྲུན་ཐབས་མེད་པ་དངོས་ཡོད་ཡིན། མ་ཟད་ཞང་ཞུང་བཟའ་ལིག་ཏིང་སྨན་གྱིས་བཞེངས་པའི་ལྷ་ཁང་དེ་ཉིད་ནི་མི་རིགས་རང་ཉིད་ཀྱི་རིག་གནས་ཁོ་ནས་བརྒྱན་པ་ཞིག་ཡིན་ཏེ། གཅིག་ནས་བཞེངས་སྐྲུན་མཁན་གྱི་མི་སྣ་བོད་རང་གི་བུ་མོ་ཞིག་ཡིན་པ་དང་། གཉིས་ནས་ནང་རྟེན་གསུང་རབ་ཅ་དངོས་མཐའ་དག་བོད་རང་གི་ཡིན་ཞིང་། གསུམ་ནས་ལྷ་ཁང་དེའི་རྟེན་གཙོ་རུ་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་ཨང་དང་པོ་གཤེན་རབ་མི་བོ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཅིག་བཞུགས་སུ་གསོལ་བ་བཅས་མི་རིགས་རང་ཉིད་ཀྱི་ཤ་ཁྲག་དང་འདྲེས་པ་ཞིག་ཡིན་པས་རིན་ཐང་གཞན་ལས་འཕགས་པ་ཞིག་ལོས་ཡིན་དགོས། མ་འོངས་ལོ་ཟླའི་ཁྲོད་ནས་ལྷ་ཁང་ཆེན་མོ་དེ་ཉིད་ཞང་ཞུང་ཤེས་རིག་གི་ཁྱད་བོན་མཛེས་བརྗིད་ཆེ་ལ་འབུར་དུ་ཐོན་པ་ཞིག་བཞེངས་བསྐྲུན་ཐུབ་ན་དགའ་བ་སྒོམ་དགོས་པའི་ཡུལ་དུ་གྱུར་ལ། བོད་གནའ་བོའི་རིག་གནས་ཉམས་གསོ་ཟེར་བ་དེ་འདྲ་ཞིག་ལོས་ཡིན།
1 སྐུ་ཞབས་འབྱུང་གནས། བོན་གྱི་འཇུག་སྒོ་གནད་བསྡུས། དེབ་ཐེར་དེ་ལོ་དུས་དང་དཔེ་ཁང་གང་ནས་དཔར་བ་གསལ་ཁ་མེད། ཤོག་ངོས་(༡༡༩)ལས་གསལ།
2 སྟེང་དགོན་བརྟེན་འགྱུར་པོད་ཨང་(༩༥)པ་ལས། རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་གཏེར་མ་བྱམས་མ་སྐྱོན་གྱི་འཇིགས་སྐྱོབ་མ། ཀན་སུ་མི་རིགས་དཔེ་སྐྲུན་ཁང་ཤོག་ངོས་(༣༧༦)ལས་གསལ།
3 སྤུ་རྒྱལ་སྲོང་བཙན་སྒམ་པོ། མ་ཎི་བཀའ་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་(༢༠༡༡)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༣༢༢)ལས་གསལ།
4 ཇོ་བོ་རྗེས་གཏེར་བཏོན་པ། བཀའ་ཆེམ་ཀ་ཁོལ་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས(༡༩༨༩)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༢༧༠)ལས་གསལ།
5 ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་(༢༠༡༠)ལོར་དཔར་དུ་བསྐྲུན་པའི་ཤོག་(༢༣༣)ལས་གསལ།
6མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་(༢༠༡༡)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༢༨༣)ལས་གསལ།
7 སྤ་སྟོན་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ནས་(༢༠༡༡)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༡༨༤)ལས་གསལ།
8 ས་སྐྱ་བ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་ནས་(༢༠༡༡)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༡༩༤)ལས་གསལ།
9 དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་ནས་(༢༠༠༣)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༢༤༠)ལས་གསལ།
10 མངའ་རིས་མཁན་ཆེན་ཚེ་དབང་རིག་འཛིན། གཡུང་དྲུང་བོན་གྱི་བྱུང་བ་བརྗོད་པ་ལེགས་བཤད་རྒྱ་མཚོའི་གླེང་གཞི་ཞེས་བྱ་བ་བཞུགས་སོ།། སྨིན་གླིང་མཐོ་སློབ་ཁང་ནས་(༢༠༡༡)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༤༨)ལས་གསལ།
11 དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་ནས་(༢༠༠༩)ལོར་དཔར་དུ་བསྐྲུན་པའི་(༡༠༦༤)ལས་གསལ།
12 ཐུབ་བསྟན་ཕུན་ཚོགས། པདྨ་རཱ་གའི་ལྡེ་མིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཤོག་ངོས་(༣༤༢)ལས་གསལ།
13 ལྡེའུ་ཆོས་འབྱུང་། གོང་གསལ་ཤོག་ངོས་ལ་གཟིགས།
14 བོན་གྱི་བྱམས་མའི་རྒྱལ་རབས། གོང་གསལ་ཤོག་ངོས་ལ་གཟིགས།
15 ཆོས་འབྱུང་མཁས་པའི་དགའ་སྟོན་དང་དུང་དཀར་ཚིག་མཛོད་གཉིས་ཆ། གོང་གསལ་ཤོག་ངོས་ལ་གཟིགས།
16 དར་རྒྱས་གསལ་སྒྲོན། གོང་གསལ་ཤོག་ངོས་ལ་གཟིགས།
17 བཀའ་ཆེམ་ཀ་ཁོལ་མ། གོང་གསལ་ཤོག་ངོས་ལ་གཟིགས།
18 ཉང་ཆོས་འབྱུང་། གོང་གསལ་ཤོག་ངོས་ལ་གཟིགས།
19 ལྡེའུ་ཆོས་འབྱུང་། གོང་གསལ་ཤོག་ངོས་ལ་གཟིགས།
20 དར་རྒྱས་གསལ་སྒྲོན་། གོང་གསལ་ཤོག་ངོས་ལ་གཟིགས།
21 ཆོས་འབྱུང་མཁས་པའི་དགའ་སྟོན། གོང་གསལ་ཤོག་ངོས་ལ་གཟིགས།
22 པདྨ་རཱ་གའི་ལྡེ་མིག གོང་གསལ་ཤོག་ངོས་ལ་གཟིགས།
23 བྱམས་མའི་རྒྱལ་རབས། གོང་གསལ་ཤོག་ངོས་(༣༦༥)ལ་གཟིགས།
24 བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་ནས་(༡༩༨༥)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས(༢༣༧༣)ལས་གསལ།
25 མངའ་རིས་མཁན་ཆེན་གྱིས་བརྩམས་པའི་གཡུང་དྲུང་བོན་གྱི་བྱུང་བ་བརྗོད་པ། གོང་གསལ་ཤོག་ངོས་ལ་གཟིགས།
26 བཀའ་ཆེམ་ཀ་ཁོལ་མ། གོང་གསལ་ཤོག་ངོས་ལ་གཟིགས།
27 ཉང་ཆོས་འབྱུང་། གོང་གསལ་ཤོག་ངོས་ལ་གཟིགས།
28 མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་(༢༠༡༡)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས(༢༨༢)ལས་གསལ།
29 དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། ཝཱ་ཎ་བིདྱཱ་དཔེ་མཛོད་ཁང་ནས་(༢༠༠༣)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས(༢༡༧)ལས་གསལ།
30 བོད་རྒྱ་ཚིག་མཛོད་ཆེན་མོ། གོང་གསལ་ཤོག་ངོས་ལས་གསལ།
31 མཁས་དབང་དཔལ་ལྡན་ཚུལ་ཁྲིམས། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ་ནས་(༢༠༠༦)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༣༧༦)ལས་གསལ།
32 བཀའ་ཆེམ་ཀ་ཁོལ་མ། གོང་གསལ་ཤོག་ངོས་ལ་གཟིགས།
33 རྒྱལ་རབས་གསལ་བའི་མེ་ལོང་། གོང་གསལ་ཤོག་ངོས་ལ་གཟིགས།
34 དུང་དཀར་ཚིག་མཛོད་ཆེན་མོ། གོང་གསལ་ཤོག་ངོས་(༡༠༦༤)ལ་གཟིགས།
35 དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད། གོང་མཚུངས་ཤོག་ངོས་(༡༧༨༦)ལ་གཟིགས།
36 ཇོ་བོ་རྗེའི་གཏེར་མ། བཀའ་ཆེམ་ཀ་ཁོལ་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་(༡༩༨༩)ལོར་དཔར་དུ་བསྐྲུན་པའི་ཤོག་ངོས་(༢༦༩)ལས་གསལ།
37 བོན་གྱི་བྱམས་མ། གོང་མཚུངས་ཤོག་ངོས་(༣༧༦)ལས་གསལ།
38 དར་རྒྱས་གསལ་སྒྲོན། གོང་གསལ་ཤོག་ངོས་ལ་གཟིགས།
39 གཡུང་དྲུང་བོན་གྱི་བྱུང་བ་བརྗོད་པ། གོང་གསལ་ཤོག་ངོས་ལ་གཟིགས།
ངས་ཀྱང་ཐེམ་ཆེན་ལྷ་ཁང་སླར་གསོ་དགོས་སྐོར་༡༩༩༥་ཡས་མས་ཅིག་ལ་རྩོམ་འཆལ་ཞིག་བྲིས་ཡོད། མིང་བྱང་ལ་་་་ཞང་བོད་གཉེན་བྲེལ་གྱི་ལོ་རྒྱུས་ལྡན་པའི་ལྷ་སའི་ཐེམ་ཆེན་ཁང་་་་ཞེས་བཀོད་ཡོད་བསམ། རྩོམ་ཡིག་དེ་བལ་ཡུལ་ལ་ངའི་ཡིག་ཉོག་ནང་ལ་ཡོད་ངེས། །
དགོངས་དག། ་་་་གཉེན་འབྲེལ་་་་རེད། །