ཞང་ཞུང་གི་སྐད་ཡིག་གང་ཡིན་ནམ། ད་ལྟ་བེད་སྤྱོད་བཞིན་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
དྲི་བ། ཞང་ཞུང་གི་སྐད་ཡིག་གང་ཡིན་ནམ། ད་ལྟ་བེད་སྤྱོད་བཞིན་ཡོད་དམ།
ལན། ཞང་ཞུང་སྐད་ལ་སྨར་སྐད་དང་། དར་མ། གུ་གེ། ཕལ་པོ་སོགས་སྐད་རིགས་མི་འདྲ་བ་ལྔ་ཙམ་ཡོད་ལ། ད་ལྟའི་ཆར་ཁུ་ནུ་དང་གར་ཞ། གློ་དོལ། ཁམས་ཁུལ་རྒྱལ་རོང་སོགས་སུ་ཞང་སྐད་བེད་སྤྱོད་མཁན་མང་པོ་ཡོད། ཡི་གེ་ནི་སྨར་ཡིག་ཅེས་འབོད་ལ། གསལ་བྱེད་སུམ་ཅུ་དང་དབྱངས་བཅུ་སོགས་བོད་ཀྱི་ཡི་གེའི་སྒྲ་གདངས་དང་མཚུངས་ཀྱང་སྡེབ་ཚུལ་ཅུང་མི་འདྲ་བའང་ཡོད། དེར་སྨར་ཆེན་དང་སྨར་ཆུང་གཉིས་སུ་ཡོད། ད་ལྟའི་ཆར་དེ་དག་གཙོ་བོ་བོན་གྱི་གཞུང་ལུགས་རྣམས་སུ་བོད་སྐད་དང་སྡེབ་ནས་ཡོད་ལ། དེ་བཞིན་ཤ་རིའི་སྒྲ་མདོ་དང་ཞུ་ཉི་མ་གྲགས་པའི་ཞང་ཞུང་སྒྲ་སྡེབ་སོགས་ཞང་བོད་ཚིག་མཛོད་ཆེས་རྙིང་པ་འགའ་དང་། ཕྱིས་སུ་རྒྱལ་ཕྱི་ནང་གི་མཁས་པ་ཚོས་ཞང་སྐད་ཐོག་ཉམས་ཞིབ་ཀྱིས་ཞང་བོད་དང་ཞང་དབྱིན་ཚིག་མཛོད་སོགས་མང་དག་ཞིག་ཡོད། །