ཞང་ཞུང་གི་རྒྱལ་པོ་མཐའ་མའི་རྒྱལ་ས་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
དྲི་བ། ཞང་ཞུང་གི་རྒྱལ་པོ་མཐའ་མའི་རྒྱལ་ས་གང་ཡིན་ནམ།
ལན། ༸ཡོངས་འཛིན་སྨྲ་དབང་མཆོག་གི་གསུང་འབུམ་ལས། “ཡང་ལྡེབ ༡༧༨ ལས། ཤིམས་ཀྱི་གུ་རན་དུ་ཞང་ཞུང་གིས་མཁོན་བགྱིས་ཏེ། ཞེས་དང་ཡང་ལྡེབ ༡༧༩ ལས། ཞང་ཞུང་ངོ་ལོག་ཅིང་། ཞེས་པའི་རྒྱལ་པོ་དེའི་རྗེས་སུ་རིམ་བཞིན་ཞང་ཞུང་གིས་ངོ་ལོག་སྟེ། བོད་ལ་འཁྲུགས་པ་བྱས་ནས་མཐར་ཁྲི་སྲོང་གི་དུས་སུ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་ཆུན་མས་བསླུས་ནས་ཞང་རྒྱལ་བཀྲོངས་པའི་གནས་དྭང་ར་ཁྱུང་རྫོང་གི་ཉེ་སར་ཡིན་ལ། སྔོན་མ་ཞང་རྒྱལ་བཏུལ་ས་ཁྱུང་ལུང་དུ་ཡིན་པར་མངོན་པས། དུས་དང་ལས་དོན་གཏན་ནས་མི་འདྲ་བས། འདིའི་ཚུལ་མགོ་མི་རྨོངས་པར་དགོས་སོ། །ʼʼ ཞེས་གསུངས་པར་བརྟག་ན་ཞང་རྒྱལ་མཐའ་མ་ལིག་མིན་རྐྱ་ནི་དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་གིས་སྐུ་བགྲོངས་ནས་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས་པས་སྐབས་དེར་ཞང་ཞུང་རྒྱལ་པོ་བཞུགས་ས་ནི་དྭང་ར་ཁྱུང་རྫོང་ཡིན་པའི་རྣམ་པ་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས་ལས་གསལ། །