ཞང་ཞུང་གི་ཡུལ་ལ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཅེས་པ་རྣམས་གྱི་མཚན་དང་ལོ་རྒྱུས་ཁ་གསལ་ཤོས་ཡོད་པའི་དཔེ་ཆ་གང་ཡོད།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། རྩོམ་སྒྲིག་པ།
ཞང་ཞུང་གི་ཡུལ་ལ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཅེས་པ་རྣམས་གྱི་མཚན་དང་ལོ་རྒྱུས་ཁ་གསལ་ཤོས་ཡོད་པའི་དཔེ་ཆ་གང་ཡོད།
ལན། དྲི་བ་འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བ་རྣམས་ལོ་རྒྱུས་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཞིག་རེད། ཁོ་བོས་བསམ་ཚུལ་བྱས་ན་ཞང་ཞུང་རྒྱལ་པོ་ཞེས་པའི་མཚན་དེ་བོན་དཔེ་ག་བར་ས་ནས་ཐོན་བཞིན་འདུག་ཀྱང་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་ལོ་རྒྱུས་གསལ་ཤོས་ནི་དཀར་རུ་གྲུབ་དབང་གིས་མཛད་པའི་གངས་རིའི་དཀར་ཆག་ཚང་དབྱངས་ཡིད་འཕྲོག་མིན་འགྲོ་དྲན་བཞིན་ཡོད། དེ་ལ་ཡང་དཔྱད་གཟིགས་གནང་སའི་ཡིག་ཆ་ཞིག་ངེས་པར་དུ་ཡོད་དགོས་ཀྱང་དུས་ཀྱི་འགལ་རྐྱེན་དང་། ཆབ་སྲིད་ཀྱི་གནས་བབ་འོག་ནས་ལྷག་མ་མེད་པར་བཟོས་པ་དེ་འདྲ་ཡང་ཡོང་སྲིད་པ་ཞིག་རེད་དྲན། དཔེར་ན། དུས་ཕྱིས་བཅོས་སྒྱུར་མ་བྱས་པའི་སྔོན་ཚུད་རང་ལ་ཡོངས་འཛིན་ཚུལ་རྒྱན་གྱིས་གཟིགས་མྱོང་བའི་ཐུགས་དཀར་པྲ་སྒྲུབ་ཅེས་པའི་པྲ་སྒྲུབ་ཐབས་ཀྱི་དཔེ་ཆ་ཞིག་ཡོད་འདུག་ཀྱང་རྗེས་སུ་མིང་གི་ལྷག་མ་ཙམ་མ་གཏོགས་མེད་པར་གྱུར་ཟིན། དེ་བཞིན་མི་ཕམ་གྱིས་གཟིགས་སའི་བོན་གྱི་དཔེ་ཆ་སྒྲ་བླའི་སྐོར་མང་པོ་ཞིག་ཡོད་འདུག་ཀྱང་ང་ཚོ་ལ་ལྷག་པ་ནི་ཁ་ཤས་ཙམ་རེད། ཚུལ་དེ་འདྲ་ཡོང་དོན་འགའ་ཞིག་ནི་སྔོན་མ་མཁས་པར་གྲགས་པ་དེ་ཚོས་དཔེ་རྙིང་རྩ་ཆེན་རེ་ཙམ་མ་གཏོགས་མེད་པ་རྣམས་ལག་ཏུ་ཐོབ་དུས་རང་ཉིད་ཀྱིས་བཅོས་བསྒྱུར་བྱེད་ནས་མ་དཔེ་མེ་ལ་སྲེག་པའི་བྱ་སྤྱོད་ངན་པ་དེ་འདྲ་ཡང་ཡོད་པར་གྲགས། དཔེ་དཀོན་ཐམས་ཅད་དེ་འདྲ་ཡིན་ཅི་ལ་སྲིད་དེ་འགའ་ཤས་ནི་བོར་བརླག་སོང་བ་དང་། འགའ་ཤས་ནི་དུས་འཁྲུག་གི་གསེང་ནས་མེ་ཆུའི་ཀློང་དུ་ཐིམ་སོང་བ་ཡང་ཡོད་རྒྱུ་རེད། དཔེར་ན། སྐད་དུ་གྲགས་པའི་ཤ་རིའི་སྒྲ་མདོ་ཞེས་པ་དང་། དེ་མཚུངས་སྔར་འགྲེལ་གྱི་ཡིག་ཆ་ཁག་ནང་ལུང་འདྲེན་གནང་སའི་དཔེ་ཆ་མང་པོ་ཞིག་ད་ལྟ་ང་ཚོས་མཇལ་ཡུལ་དུ་བཞུགས་མེད་པ་དེ་དག་གིས་མཚོན་པ་ཡིན་ནོ། །