ཞང་ཞུང་གཟི་ཡིག
རྩོམ་བྲིས་པ། ཚུལ་ཁྲིམས་ཕུན་ཚོགས།
རྩོམ་ཡོང་ཁུངས། གཤེན་བསྟན་གླེང་ས།
ཞང་ཞུང་གཟི་ཡིག་ཅེས་པ་ནི། སྤྱིར་ན་གཟི་ཞེས་པ་ནི་ཆེས་གནའ་བོའི་སྐབས་སུ་ཞང་ཞུང་གིས་བཟི་ཡི་རིགས་མི་འདྲ་བ་མང་པོ་མིའི་རྒྱན་ཆའི་ཕྱིར་དུ་བཟོས་ཤེས་པ་དང་། གཟི་དེ་ཡིག་གཟུགས་ཡང་དེ་ལྟར་བཟོ་དགོས་པའི་རྒྱུ་མཚན་ནི། གཡུང་དྲུང་བོན་གྱི་ལུགས་ལྟར་ནས། ཞང་ཞུང་གི་ཡིག་གེ་དང་ཐོག་སྤུངས་སོ་ཆེ་ཆུང་དང་དེ་ནས་སྨར་ཆེན་སྨར་ཆུང་སོགས་བྱུང་རིམ་བར་ལ། བོན་གྱི་དཔེ་རྙིང་ཡིག་གེའི་ཚིག་མཚམས་སོགས་སུ་གཟི་ཡིག་དང་ཉི་ཟླ་རིས་སོགས་བཀྲ་ཤིས་པའི་མཚན་མ་མཚོན་པའི་རི་མོའི་རིགས་མི་འདྲ་བ་འབྲི་སྲོལ་ཡོད་པ་དེའི་ཕྱིར་དུ་བཀྲ་ཤིས་པའི་མཚོན་བྱེད་དམ་ཡིག་གེ་ཡོན་ཏན་ཀུན་གྱི་གཞི་མ་འཕྲུལ་ཡིག་གམ་ཡིག་འབྲུ་ཡིན་པ་དང་། མཛེས་རྒྱན་ཕུལ་དུ་བྱུང་བ་ནི་གཟི་ཡིན་པ་ན་གཟི་ཡིག་འདི་བཟོས་པར་འདོད།
ད་ལྟའི་གཟི་ཡིག་འདི་ཡི་ཕུགས་ནི་བོད་རྒྱལ་གྲི་གུམ་བཙན་པོས་གཡུང་དྲུང་བོན་བསྣུབས་སྐབས་སུ། བོན་གཤེན་རྣམས་ཀྱིས་ཞང་བོད་ཀྱི་ས་གནས་ཁག་མང་པོ་ལ་བོན་དཔེ་རྣམས་གཏེར་དུ་སྦས་༼བོན་ལུགས་ལྟར་སྤྱི་ལོའི་གོང་667ལོར་གཏེར་སྦས་ཞེས་བཤད༽དགོས་བྱུང་བས། ཕྱིས་སུ་གཏེར་སྟོན་གཤེན་ཆེན་ཀླུ་དགའ་ཞེས་བོན་གྱི་གཏེར་སྟོན་གཙོ་བོ་དེས་སྤྱི་ལོ་1024ལོར་འབྲིགས་མཚམས་མཐའ་དཀར་ཞེས་པའི་ས་གནས་སུ་བོན་དཔེ་མང་པོ་རྙེད་པས་དེའི་གྲལ་དུ་སྤུངས་སོ་ཆེ་ཆུང་དང་ཞང་ཞུང་སྨར་ཆེན་སྨར་ཆུང་སོགས་ཞང་ཞུང་གི་ཡིག་རིགས་འགའ་ཤས་ཡོད་པས་གཟི་ཡིག་འདི་ཡོད་པར་གྲགས། དེ་མིན་བོན་གྱི་གཏེར་སྟོན་མང་པོས་བོན་དཔེ་དང་མཉམ་དུ་ཞང་བོད་ཡིག་རིགས་མང་པོ་གཏེར་བཞེས་སམ་རྙེད་མྱོང་ཡོད་པས་དེ་རིགས་འགའ་ཞིག་ནི་གཏེར་ཡིག་གམ་གཏེར་རྟགས་ཞེས་བརྗོད། འགའ་ཞིག་ནི་སྤུངས་སོ་ཆེ་ཆུང་སོགས་གོང་དང་གཅིག་མཚུངས་ཡང་ཡོད། སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེ་ནས་ཞང་ཞུང་ཡིག་རིགས་བཙལ་བསྡུ་མཛད་དེ་བལྟ་བདེ་བའི་ཕྱིར་དུ། གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་ཀྱི་དགོངས་འབྱུང་ནོར་བུའི་གཏེར་ཆེན་ཞེས་བྱ་བ་བཞུགས་སོ། ཞེས་བྱའི་འཇུག་ཏུ་ཞང་ཞུང་ཡིག་རིགས་འགའ་ཞིག་བཀོད་ཡོད་པར་དེའི་གྲལ་དུ་གཟི་ཡིག་འདི་ཉིད་བྲིས་ཡོད།
མངའ་རིས་ས་ཁུལ་ཡིག་ཟམ་གླིང་ནས་འདི་ལོར་ཞང་ཞུང་གཟི་ཡིག་དགོས་འཁོ་ཡོད་ཅིང་དེའི་ལོ་རྒྱུད་ག་འདྲ་རེད་མགྱོགས་པོ་དགོས་ཤེས་གསུངས་པས། གཟི་ཡིག་འདི་ཉིད་དང་ལན་དུ་སྐད་ཕྲིན་ནས་སྐུར་རྒྱུ་མཚམས་སྦྱོར་ཉུང་ངུ་ཙམ་ཚུལ་ཁྲིམས་ཕུན་ཚོགས་གྱིས་ད་ལྟ་མགྱོགས་བྲིས་བྱས་ཏེ་སྐུར་རོ།། །།