ཞང་བོད་ལོ་གསར་གྱི་གཏན་ཚིགས་འཚོལ་བ།
རྩོམ་བྲིས་པ། དགེ་ཧི་མ་ལ་ཡའི་རྒྱལ་སྲས།
ཞང་བོད་ལོ་གསར་གྱི་གཏན་ཚིགས་འཚོལ་བ།
སྤྱིར་བཏང་མཁས་པ་རྣམས་ཀྱིས་ “བོད་མི་དམངས་ཀྱིས་ནམ་ཟླ་དང་བསྟུན་ནས་ནོར་ལུག་འཚོ་སྐྱོང་དང་རུ་སྤོར་བ། ཞིང་འདེབས་པ། སྟོན་བསྡུ་བ་སོགས་ཀྱི་ལས་ལ་འབད་ཀྱིན་ཡོད་པས། ལོ་སར་གྱི་དུས་ཚོད་གཅིག་མཐུན་མིན།” ཞེས་གསུངས་པ་ལྟར། བོད་ཀྱི་ལོ་གསར་ལ་བརྩི་སྟངས་མང་དག་ཅིག་ཡོད་མོད། ཡོངས་གྲགས་དེང་ཧོར་ཟླ་ཞེས་པའི་ཟླ་བ་དང་པོའི་ཚེས་གཅིག་ལ་ངོས་འཛིན་པ་གཅིག་དང་། ཡང་ཧོར་ཟླ་ཞེས་པའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ངོས་འཛིན་པ་གཉིས་དེ་ཁྱབ་ཆེ།
འདིའི་འདོད་ཚུལ་སྔ་མ་ཧོར་ཟླ་ཞེས་པ་གཞིར་བཞག་ནས་ལོ་གསར་ཚུལ་འདིའི་སྐོར་རྒྱ་གར་ནས་དར་བའི་ཆོ་འཕྲུལ་སྨོན་ལམ་དང་འབྲེལ་ནས་ལོ་གསར་བཏང་ཚུལ་དང་། ཡང་ཀོང་ཇོས་རྒྱ་ནག་ནས་རྒྱ་རྩིས་བོད་དུ་གདན་དྲངས་ནས་རིམ་པར་དར་ཚུལ་སོགས་འགའ་ཞིག་ཡོད་ཀྱང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བོད་ཟླ་ལ་ཧོར་ཟླ་ཞེས་ཐོགས་དོན་འགྲེལ་སྐབས། “ཡོན་རྒྱལ་རབས་ཀྱི་རྒྱལ་བོ་ཇིང་གུར་ཧན་གྱིས་སྤྱི་ལོ་ 1216 ལོའི་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་སྤྱི་ལོ་ 1227 ལོའི་ཟླ་བ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་སར་དུ་རྩིས་ཏེ་ལོ་འགོ་བསྒྱུར་བ་དེ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་སར་གཏོང་སྲོལ་བྱུང་ཞིང་། བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་རྩི་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ཀྱི་ལོ་སར་གཏོང་སྲོལ་བྱུང་བ་ཡིན།” ཞེས་ད་ལྟའི་ཧོར་ཟླ་ཞེས་པ་འདིའི་བྱུང་ཁུངས་ནི་ཧོར་ཇིང་གྷིས་ཁན་གྱིས་བོད་མི་ཁྲི་མ་འབུམ་གྱི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ་སྐྱིལ་ཏེ་མཐར་ཁམས་མི་ཉག་སོགས་དབང་དུ་བསྡུས་པའི་དགའ་སྟོན་རྟེན་འབྲེལ་བྱས་པ་ལས་རིམ་པར་བྱུང་བར་བཞེད་ཡོད།
ཕྱི་མ་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་ཚུལ་འདི་ལ་སོ་ནམ་ལོ་གསར་རམ་རྒྱལ་ལོ་ལོ་གསར་སོགས་ཀྱང་འབོད་ཚུལ་འདུག འདིའི་ལུགས་ཀྱི་ལོ་གསར་གཏོང་ཚུལ་འདི་ནི་གཙོ་བོར་ཉི་ཟླ་གཟའ་སྐར་དང་ནམ་ཟླའི་འགྲོས་སོགས་ལ་བསྟུན་ཏེ་སོ་ནམས་དང་ཞིང་འབྲོག་གི་འཚོ་བའི་འཁོར་ཡུག་དང་འབྲེལ་ནས་ལོ་གསར་གཏོང་ཚུལ་ཞིག་ཡིན་པ་དང་། དེའང་མཐའ་མཚམས་དང་འབྲེལ་བའི་བོད་ཀྱི་ས་ཁུལ་ཁག་དང་ཨ་མདོའི་ཕྱོགས། ལྷག་པར་ཁམས་ཁུལ་སོགས་སུ་སྲོལ་འདི་ཤུགས་ཆེན་ཡོད། བོད་ཀྱི་མཁས་པ་ལ་ལས་ “བོད་ཀྱི་རྒྱལ་རབས་དགུ་བ་བཙན་པོ་སྤུ་དེ་གུང་རྒྱལ་སྐབས། བོན་པོའི་ལོ་ཚིགས་རྩི་ཐབས་སྟབས་བདེ་ཞིག་ཡོད་པ་དེ་ནི་གཙོ་བོ་ཟླ་བའི་འཕེལ་འགྲིབ་དང་ཟླ་ཚེས་ལ་གཞིགས་ནས་ཟླ་ཐོ་རྩིས་པ་ཡིན།” (བོད་ལྗོངས་ལྷོ་ཁ་ས་ཁུལ་ནས་རྙེད་པར་གྲགས་པའི་ལོ་རྒྱུས་ཡིག་ཆ་ལྟར་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་གྱི་ལོ་ཚིགས་རྩི་སྲོལ་“རྒན་མོ་བལ་མའི་ཟླ་རྩིས”ཞེས་པ་ཞིག་ཡོད་པར་གསལ།) ཞེས་སོགས་གསུངས་པ་ནི་འགའ་ཞིག་གིས་ཧོར་ཟླ་དང་པོར་ཨུ་ཚུགས་ཀྱིས་སྦྱར་བཞིན་འདུག་ཀྱང་། གོང་གི་ཟླ་སྐར་གྱི་འཕེལ་གྲིབ་སོགས་ལ་བསྟུན་གསུངས་པ་ནི་ནམ་ཟླའི་འགྱུར་འགྲོས་དང་བསྟུན་པའི་སོ་ནམ་ལོ་གསར་འདི་རང་ལ་གོ་དགོས་པར་སྙམ། དེ་བཞིན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུའང་ད་ལྟའི་ཧོར་ཟླ་བཅུ་གཉིས་སུ་འབོད་པ་འདིའི་ཚེས་གཅིག་ལ་གཏོང་སྲོལ་ཡོད་པར་ལོ་རྒྱུས་སོགས་ནས་གསལ་བར་མ་ཚད། སྤྱིར་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་རིང་ནས་བོད་ལ་ནམ་ཟླ་བརྟག་དཔྱད་ཀྱི་རྩིས་རིག་བྱུང་བ་དང་དེ་ནས་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པར་བཤད་པ་འདི་དག་ལ་བརྟེན་ཏེ་ལུགས་འདིར་ “རྒྱལ་ལོ་ལོ་གསར་” ཞེས་རྒྱལ་རབས་དང་སྦྲེལ་ནས་རྒྱལ་ཁབ་ཅིག་གི་ལོ་གསར་གཏོང་ཚུལ་ལྟ་བུར་འབོད་པར་རྒྱུ་མཚན་ཆེན་པོ་འདུག་སྙམ།
དེ་མིན་ད་ལྟའི་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་འགོ་འཛིན་ཚུལ་འདི་ཞང་བོད་ཀྱི་ལོ་རྒྱུས་དང་དེའི་ཆོས་ལུགས་སོགས་ཀྱི་བྱུང་རབས་ལ་བརྟག་སྟེ་གླེང་ན། ཞང་བོད་མེས་པོའི་ཕ་ཆོས་གཡུང་དྲུང་བོན་གྱི་སྲོལ་གཏོད་སྟོན་པ་གཤེན་རབ་མི་བོའི་འཁྲུངས་རབས་དང་འབྲེལ་ནས་ཡོད། དེའང་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་དང་འབྲིང་པོ་གཟེར་མིག ཀུན་འབུམ་ཁྲ་བོ། རྩ་རྒྱུད་ཉི་ཟེར་སྒྲོན་མ། དྲང་དོན་མུན་སེལ། ཡོངས་རྩེའི་འགྲེལ། ལེགས་བཤད་མཛོད། རྩིས་གསར་རྣམ་དག བསྟན་འབྱུང་ཀེ་ཏ་ཀ་ཡི་དོ་ཤལ། བསྟན་རྩིས་པན་ཙ་ལི་ཀའི་ཆུན་པོ་སོགས་ཀྱི་དགོངས་དོན་ལྟར། སྟོན་པ་མཆོག་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ཞེས་གསལ་བ་མ་ཟད་དེ་ལྟར་ལོ་དུས་ཀྱི་གནད་གཟེར་དེ་ལྟ་བུ་ལ་སྟོན་པ་བྱོན་དགོས་པའི་རྒྱུ་མཚན་ནི། གཟེར་མིག་ལས། “གཤེགས་པའི་དུས་ཚོད་ཀྱང་འདི་ལགས་ཏེ། ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ནན་ཏན་གྱིས་སེམས་ཅན་འདུལ་ཞིང༌། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། །ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི། ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། །ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང༌། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ། །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང༌། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ།” ཞེས་གསུངས་པ་དང་།
ཡང་དེ་ཉིད་ལས། “དེ་རིང་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བར་གཅད།” ཅེས་གསུངས་པའི་ཚེས་པ་བཅུ་བཞི་ལ་སྐར་མ་ལག་ཁེལ་ཞིང་ཚེས་པ་བཅོ་ལྔ་ལ་སྐར་མ་རྒྱལ་དང་རེས་གཟའ་ཕུར་བུ་ཁེལ་བ་ནི། བོན་གྱི་མཁས་པ་ཚོས་བཞེད་སྲོལ་ལྟར་ན། “ལོ་གཅིག་ནང་ཟླ་བ་བཅུ་གཉིས་ཡོད་པའི་ནང་ནས་ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་དང་རེས་གཟའ་ཕུར་བུ་འཛོམས་པའི་དུས་ཚོད་ནི། བོན་པོ་རང་གི་ལུགས་ཐུན་མོང་མ་ཡིན་པའི་འབྱུང་རྩིས་ལ་གཞིར་བཞག་བྱས་པ་ཡིན་ན། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་མ་གཏོགས་ཟླ་བ་གཞན་གྱི་ཚེས་བཅོ་ལྔ་ལ་དེ་འདྲ་འབྱུང་བ་མི་སྲིད་པའི་གནད་དེ་ཡིན།” གསུངས་པ་དང་། ད་དུང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་གླེང་གཞི་བསྟན་པའི་འབྱུང་ཁུངས་ནང་དུ། “དེ་ནས་བླ་ན་མེད་པའི་ས་ནོན་ནས་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་ཏེ། དགོངས་ཚད་རྣམ་པ་ལྔ་དང་ལྡན་ནས། ལོ་ཤིང་ཕོ་བྱི་བ། ཟླ་བ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ། སྐར་མ་རྒྱལ། དུས་ཚོད་ནམ་ལངས་པ་ལ་འཁྲུངས་པས། ལོ་གསར་དཔྱིད་ཟླ་ར་བ་རྒྱལ་གྱི་ཉ་ལ་བྱེད་པའི་གཏན་ཚིགས་ཀྱང་དེའོ། །” ཞེས་སོགས་ཚེས་པ་བཅོ་ལྔ་སྐར་མ་རྒྱལ་ཁེལ་བའི་ཟླ་བ་དེས་ལོ་འགོ་འཛིན་པར་གསུངས་པ་དང་།
ད་དུང་བོད་ཀྱི་ལོ་རྒྱུས་ཕྱི་མོ་འགའ་ལས། “དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས། རྒྱའི་གྱིམ་ཤིང་ཀོང་ཇོ་བོད་དུ་བག་མར་ཕེབས་སྐབས་སྐར་རྩིས་དང་དཔེ་དེབ་མང་པོ་ཞིག་བསྣམས་ཕེབས་པ་དེ་དག་བོད་ཡིག་ཏུ་བསྒྱུར། བོད་ལ་བར་བསྒྱུར་《གསལ་སྒྲོན་སྦས་བཅད་》ཅན་གྱི་ལུགས་ཟེར་བ་རྒྱ་ནག་གི་ཞིང་རྩིས་དང་མཐུན་པའི་ལོ་གསར་གཏོང་རྒྱུར་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱིས་གྱིམ་ཤིང་ཀོང་ཇོར་ལོ་གསར་ག་དུས་གཏོང་རྒྱུའི་སྐོར་བཀའ་འདྲི་གནང་སྐབས། རྒྱ་རྗེ་ཀོང་ཇོས་ང་ལ་བཀའ་འདྲི་མ་གནང་སྐར་མ་རྒྱལ་ལ་བཀའ་གནང་རོགས་ཞུས་ནས་སྐར་མ་རྒྱལ་གྱི་ནམ་ཚོད་ཟིན་པའི་དུས་ནི། བོད་ཟླ་བཅུ་གཉིས་པའི་ནང་ཡིན་པར་བརྟེན། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་རྒྱུའི་ལམ་སྲོལ་ཆགས།” ཞེས་སོགས་གང་ལ་བརྟག་ན་ད་ལྟའི་ཧོར་ཟླ་བཅུ་གཉིས་པ་ཞེས་པའི་ཚེས་གཅིག་ནི་ཞང་བོད་ཀྱི་ལོ་གསར་ངོ་མ་དེ་ཡིན་པར་འདུག་གོ། །།
ཞེས་མེ་སྤྲེལ་ལོའི་ཞང་བོད་ཀྱི་གནམ་ལོ་གསར་བཞད་ལ་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་དགའ་ཉེ་སྤུན་མཆེད་དང་གྲོགས་ལྷན་རྒྱས་ཚང་མར་འཚམས་འདྲི་བཀྲིས་བདེ་ལེགས་དང་། ལོ་གསར་པའི་ནང་ནད་མེད་ཅི་བསམ་མྱུར་འགྲུབ་ཡོང་བའི་ཤིས་སྨོན་གྱིས་བརྒྱན་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༩ དང་ཤིང་ལུག་ཞང་བོད་ཟླ་ ༡༢ ཚེས་ ༣༠ གནམ་གང་ཉིན་དགེ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ནུབ་ཕྱོགས་འཇར་མན་ནི་ནས་ཕུལ།། །།