ཛྭ་དང་ཐིས་ཀྱི་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་བཞི་བ། 23, 2018
ལན་འབུལ་མཁན། རྩོམ་སྒྲིག་པ། དྲི་བ་གནང་མཁན། ཞུ་ཚང་བ།
(མ་རྩོམ་ཡོང་ཁུངས། ཧི་མ་ལ་ཡའི་བོན་དང་། པར་གྱི་ཡོང་ཁུངས། མཐའ་ཞུ་བླ་མ་འོད་ཟེར་མཐའ་རྒྱས་རིན་པོ་ཆེ།)
དྲི་བ། ཞང་ཞུང་བོན་སྐོར་མེ་རི་དང་གེ་ཁོད་སོགས་ལས་བྱུང་བའི་ལས་མཐའ་ཁག་ལས། “ཛོ་དང་ཐིས་ཀྱི་ལས” ཞེས་གསུངས་པའི་ཛོ་དང་ཐིས་གཉིས་ཀྱི་ཁྱད་པར་ཅི་ལྟར་ཡིན་ནམ། ཐིས་ལ་རྣམ་གྲངས་ཐིས་དཀར་དང་། ཐིས་ནག ཐིས་དམར་གསུམ་ཡོད་པའི་དེ་དག་གི་ཁྱད་པར་ཅི་ལྟར་འབྱེད་དགོས་སམ།
ལན། སྤྱིར་བཏང་གནའ་རབས་ཀྱི་དཔེ་རྙིང་གསེབ་ན་བཞུགས་པའི་ཐ་སྙད་དེ་དག་ལ་དེང་རབས་ཀྱི་ཚིག་མཛོད་དང་དཔེ་དེབ་འགའ་ཞིག་ཁ་སྔོག་ཙམ་རེ་བྱས་པ་ཙམ་གྱིས་གོ་བ་ལོན་པ་དང་། དེ་དག་གི་དོན་འདི་དང་འདི་ཡིན་ཞེས་ཁ་ཚོན་གཅོད་ཐུབ་པ་ཞིག་གཏན་ནས་མིན་ལ། ཐ་སྙད་དེ་དག་གི་བསྟན་དོན་འཚོལ་དགོས་ན་མ་མཐའ་ཡང་ཚིག་དེས་ཟིན་པའི་གཞུང་ལུགས་ཁག་ཅིག་གི་གཞུང་བབ་གོ་རིམ་སྒྲིག་པ་དང་། དཔེ་གཞུང་ཁག་ལ་གོམ་འདྲིས་ཅུང་ཙམ་རེ་ཡོད་དགོས་སྟབས་ང་ཚོས་མཉམ་དུ་འདི་འདྲའི་ཕྱོགས་ལ་འབད་དགོས་པར་སྣང་།
དང་པོ། ཛྭ་ཡི་སྐོར་ལ་གླེང་བ།
འདིར་སྐབས་བབ་གླེང་བྱའི་ཐ་སྙད་ “ ཛོ་ ” དང་ “ ཐིས་ ” གཉིས་ལས། དང་པོ་ “ ཛོ་ ” འམ་ “ ཛྭ་ ” ཞེས་འབྲི་ཚུལ་མི་འདྲ་བ་གཉིས་དང་། ཡང་འཚམས་སུ་ “ ཙོ་ ” དང་། “ བཙྭོ་ ”། “ བཙོད་ ” སོགས་བྲིས་པའང་འདུག་ཀྱང་། ཡོངས་གྲགས་གོང་གི་ “ ཛོ་ ” འམ་ “ ཛྭ་ ” གཉིས་པོ་འབྲི་ཆེ་ལ། བོན་ཕྱོགས་ཀྱི་མཁས་པ་འགས་ཝ་ཟུར་འགའ་ཞིག་སྐབས་འགར་ན་རོའི་དོད་དུ་འགྲོ་ཚུལ་གསུངས་ཡོད་པར་འདིར་ཡང་དེ་གཉིས་ཁྱད་མེད་དུ་གླེང་རྒྱུ་ཡིན།
སྤྱིར་ཛྭའམ་ཛོ། ཡང་ན་ཙོ་སོགས་ནི་གོང་ཞུས་ལྟར་དེང་རབས་བོད་ཀྱི་སྐད་བརྡའི་ནང་དུ་གོ་རྒྱུ་དེ་ཙམ་ཨེ་ཡོད་མི་ཤེས། ལེགས་སྦྱར་གྱི་སྐད་ནང་མེ་སོགས་དྲག་ཏུ་འཕྱོ་བའམ་འབར་བའི་དོན་དུ། ཛཱ་ལཱ། ཟེར་སྲོལ་ཞིག་ཡོད་ཀྱང་། སྐབས་འདིའི་བཤད་བྱའི་དོན་དང་འབྲེལ་མིན་ད་དུང་བརྟག་གཞིར་གནས་ཡོད། སྐྱབས་སྟོན་གྱིས་མུ་མར་གསེར་རྒོད་ཅེས་པ་འགྲེལ་སྐབས། བོད་སྐད་དུ་གསེར་ཙོ་སྟེ་ཞེས། ཙོའམ་ཛྭ་ནི་བོད་སྐད་ཡིན་པར་གསུངས་ཡོད། ཡིན་ནའང་ད་ལྟའི་ཆར་ང་ཚོས་ཛྭ་ནི་ཞང་སྐད་ཡིན་པར་གཞིར་བཅས་ནས། དེའི་བྱེད་ལས་ཀྱི་ཆ་འདྲ་བའི་བོད་སྐད་དུའང་མེ་སྒྱོགས་ལྟ་བུའི་འགྲེལ་བཤད་གནང་མཁན་ཡོད་པར་མཐོང་།
ཐོག་མར་སྒྲུབ་གཞུང་ཁག་ཅིག་ལས་ཛྭ་ཡི་བྱུང་རབས་དང་འབྲེལ་བའི་སྐོར་ཅུང་ཞིག་གླེང་ན། དབལ་ཤེལ་རྒྱུང་དཀར་པོའི་དབལ་ཆུ་སྒྲུབ་གཞུང་ལས། “ དེ་ནས་བཤར་བ་(བཤར་བ་སྐོར་མཇུག་ནས་གླེང་རྒྱུ་ཡིན།)རྔོ་སྟེ་འདི་སྐད་དོ། བསྭོ་དང་པོ་ཛོ་སྲིད་གང་ནས་སྲིད། །འབྱུང་བ་ལྔ་ཡི་དངས་མ་ལ། ” སོགས་ནས། “ ཛོ་སྲས་མིང་སྲིད་བཅོ་བརྒྱད་དེས། །དྲག་པོ་ཛོ་ཡི་ལས་བྱེད་ན། །” སོགས་ནས། “ དྲག་པོའི་ཐུན་རྡོ་བཤར་བ་འདིས། །ཕུགས་སུ་གཏོར་བས་ཕུགས་འདྲ་ཐུལ། །སྒོ་རུ་གཏོར་བས་གོད་འདྲེ་ཐུལ། ། ” སོགས། ཛྭ་ཡི་བྱུང་རབས་ཁག་ཅིག་བཤད་ཡོད། བཤད་ཚུལ་དེའང་ནམ་རྒྱུན་བོན་གཞུང་ཁག་མང་པོ་ལས་བྱུང་བ་ལྟར། དང་པོ་འབྱུང་བ་ལྔ་ཡི་དངས་མ་ལས་ལྷ་སྲིན་གྱི་ཆོ་འཕྲུལ་གྱིས་འབྱུང་བ་རང་རྡོལ་གྱི་སྒོ་ང་བྱུང་བ་དང་། དེ་དག་ལས་རིམ་པར་ཛྭ་སྲས་མིང་སྲིང་བཅོ་བརྒྱད་བྱུང་ཚུལ་སོགས་ཡིན།
ཡང་དེ་ཉིད་ཀྱི་ཛྭ་རབས་ཁུངས་བཤད་ཅེས་པ་ལས། “ བསྭོ་སྡོན་ཚེ་བསྐལ་པའི་དང་པོ་ལ། ཡོད་ཁམས་སྣང་བ་འོད་ལྡན་དང་། མེད་ཁམས་མུན་པ་ཟེར་ལྡན་སྲིད། །” ཅེས་སོགས་ནས། “ དེ་ན་རི་རབ་ཁ་ཁྱེར་དུ། །དབལ་བོན་འོད་སྤུངས་ཆེན་པོ་ཡིས། །དྲག་པོ་ཛྭ་ཡི་དཀྱིལ་འཁོར་བཞེངས། ། ” ཞེས་སོགས་ནས། “ དེ་འོག་ཞང་ཞུང་ཡུལ་ལྗོངས་སུ། །གྱེར་སྤུངས་སྣང་བཞེར་ལོད་པོ་ཡིས། །ཡིད་དམ་མགོན་པོ་རྣམ་གསུམ་བསྒྲུབས། །དྲག་པོའི་དབལ་ཛྭ་འབར་བ་ཡིས། ། ” སོགས་ནས། “ དེ་ནས་གནམ་མཚོའི་དོ་གླིང་དུ་། །ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། །དྲག་པོ་གསེར་ཛྭ་འབར་བ་བསྒྲུབས། ། ” ཞེས་སོགས་ནས། “ དེ་ནས་ཞང་ཞུང་ཡུལ་གྱི་ཕྱོགས། །ཁ་ཡུག་གཡུང་དྲུང་སྤུ་རྩེ་རུ། །འཆི་མེད་རིག་འཛིན་ཆེན་པོ་ཡིས། །དྲག་པོ་ཛྭ་ཐིས་འཁྱིལ་བ་བསྒྲུབས། ། ” སོགས། ཛྭ་ཡི་ལས་སྒྲུབ་དེ་དག་གཤེན་པོ་གཙོ་བོ་སུས་དང་ཡུལ་དུས་གང་ལ་བསྒྲུབས་པ་སོགས་ཀྱི་སྐོར་ཞིག་བཤད་ཡོད།
སྐབས་འདིར་བཤད་བྱའི་ཛྭ་ཡི་ནང་དོན་ཐད་སྐབས་འགར་དྲག་པོའི་མཐུ་དང་གཏད་ཀྱི་ལས་མཐའམ་རྒྱུད་སྐོར་ལ་གོ་ཚུལ་ཞིག་དང་། ཡང་དྲག་པོའི་མཐུ་གཏད་ཀྱི་ངན་སྔགས་སོགས་ལ་གོ་ཚུལ་གཅིག དེ་མིན་དྲག་པོ་མཐུ་གཏད་ཀྱི་རྫས་སམ་ལག་ཆའི་རིགས་ཞིག་ལ་གོ་དགོས་པ་སོགས་ཀྱི་གནད་འགའ་ཞིག་མཆིས།
དེའང་མཐུ་གཏད་ཀྱི་ལས་མཐའ་སྐོར་ལ་གོ་རྒྱུ་ཡོད་ཚུལ་ནི། གཏེར་གྱི་ཁ་བྱང་ལས། “ རྒྱུ་བོན་ཕལ་ཆེར་ནི། སྟོན་པ་བོད་ཡུལ་དུ་བྱོན་དུས་བཞག་པ་སྟེ། ཞང་ཞུང་གི་བོན་པོར་ཛོ་དང་སྔགས་བསྟན། བོད་ཀྱི་བོན་པོ་ལ་ལྷ་གསོལ་བ་དང་འདྲེ་གཅོད། ། ” ཅེས་དང་།
གཟི་བརྗིད་ལས། “ འབུམ་པ་དབལ་ཆེན་མཐུ་ཡི་རྒྱུད། །འབར་བ་དབལ་ཆེན་ཛོ་ཡི་རྒྱུད། །རམ་པ་དབལ་ཆེན་གཤེད་ཀྱི་རྒྱུད། ། ” ཅེས་དང་།
བསྟན་འབྱུང་ཕྱོགས་བསྡུས་ལས། “ གེ་ཁོད་རྒྱུད་གསུམ་གནམ་ལྕགས་ཐོག་མདའ་དང་། །མུ་མར་གསེར་ཛོ་མེ་ལྕེ་ཕྲེང་བ་གསུམ། ། ” ཞེས་སོགས་དང་། བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས་གེ་ཁོད་ཀྱི་རྒྱུད་བསྟན་སྐབས། “ གེ་ཁོད་ལ་རྒྱུད་གསུམ་ལས། གནམ་ལྕགས་ཐོག་མདའི་རྒྱུད་ལ། ཡེ་ཤེས་དང་འཇིག་རྟེན་གཉིས། མུ་མར་གསེར་ཛོ་ཞུན་མའི་རྒྱུད་ལ། མེ་རི་དང་གེ་ཁོད་དབང་རྒྱལ་དང་གསུམ་མོ། ། མངའ་བདག་མེ་ལྕེ་ཕྲེང་བའི་རྒྱུད་ལ། ཨ་ཏི་མུ་ཝེར་རྩ་འགྲེལ་གཞུང་གསུམ། ཁྱུང་དང་བཞི་བྱུང་། ” ཞེས་སོགས་གསུངས་དང་། ད་དུང་གོང་དུ་དབལ་ཤེལ་རྒྱུང་དཀར་པོའི་སྒྲུབ་གཞུང་སྐབས་སུ་བཤད་པའི་ཛྭ་ཡི་སྐོར་སོགས་ལ་བརྟག་ན་ཛྭ་ནི་དྲག་པོ་མཐུ་དབལ་གྱི་རྒྱུད་སོགས་ལ་གོ་བ་ལེན་རྒྱུ་མེད་དམ་སྙམ་པ་ཞིག་འདུག
དྲག་པོའི་མཐུ་གཏད་ཀྱི་ངན་སྔགས་སམ་དྲག་སྔགས་ཀྱི་རིགས་ཞིག་ལ་གོ་ཚུལ་ནི། ཞི་བ་གཡུང་དྲུང་ཡོངས་རྫོགས་ལས། “ དྲག་པོ་ཛོ་དབལ་རག་ཤ་ཐུན་ལས་སོགས། །ངན་སྔགས་བརྒྱད་ཁྲི་བཞི་སྟོང་ལྗགས་ལ་བཀྲམ། །དབུ་འཕང་སྨད་ཅིང་བསྟན་པ་བཤིགས་པ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བདག་གིས་བྱས། །མ་ཉེས་སྟབས་ལ་བདག་གིས་ཡོངས་མ་སྤྱད། ། ” ཅེས་སོགས་གསུངས།
དེ་མིན་དྲག་པོ་མཐུ་གཏད་ཀྱི་རྫས་སམ་ལག་ཆའི་རིགས་ཞིག་ལ་གོ་བ་ཡོད་ཚུལ་ནི། གསེར་འོད་ནོར་བུ་འོད་འབར་ལས། “ ཆེ་མཆོག་ཁྲོ་རྒྱལ་སྐུ་སྤྲུལ་ནས། །དབུ་ནི་ཁྲོ་བོ་འབུམ་གྱི་དབུ། །ཕྱག་གཡས་མཚོན་ཆ་སྣ་ཚོགས་འབུམ། །གཡོན་འབུམ་འཛིན་བྱེད་ལྕགས་ཀྱུ་དང་། །ཐོག་ཛོ་ཐུ་ལུམ་འཇིགས་འབུམ་བསྣམས། ། ” ཞེས། སྟོན་པ་ཁྲོ་རྒྱལ་གྱི་སྐུ་རུ་བཞེངས་སྐབས་ཕྱག་ན་ཐོག་དང་། ཛྭ། ཐོ་བ་སོགས་བསྣམས་ཡོད་པ་བསྟན་པ་དང་།
གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། “ དགྲ་དང་བདུད་ལས་རྒྱལ་བ་ཡི། །མི་བཟད་དྲག་པོ་ཛོ་དབལ་འཛིན་ལ་ཕྱག་འཚལ་ལོ། ། ” ཞེས་སོགས་བཀའ་དཔེ་རྣམས་སུ་གསལ་བ་དང་།
ཡང་བཀའ་བརྟེན་རྣམས་སུ་གསལ་བ་ནི། སངས་པོ་ཁྲི་ན་ཁོད་ཀྱིས་མཛད་པའི་སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ལས། “ གཤེན་རབ་ནི་མཐུ་བཙན་པས། །ཛོ་དམར་ནི་གླད་ལ་གཟེར། །སྲོག་ཐག་ནི་གཤེན་ལ་བཅོལ། ། ” ཞེས་དང་།
ཚེ་དབང་དྲག་ཁྲོས་ཛྭ་དམར་མེ་རི་འཁྱིལ་བའི་གཞུང་ལས། “ ཛྭ་འདི་ཞང་ཞུང་བོན་གྱི་ཛྭ། །བསྒྲུབས་ནི་སྐུ་གཤེན་རྣམས་ཀྱིས་བསྒྲུབས། །འཕེན་ནི་ཕྱག་སོར་རྩེ་ནས་འཕེན། །བཏུལ་ནི་བདུད་སྲིན་འདྲེ་བགེགས་བཏུལ། །བསྒྲལ་ནི་དགྲ་བོ་བྱད་མ་བསྒྲལ། །སྟབས་ནི་བོན་ཉིད་དབྱིངས་སུ་སྟབས། །” ཞེས་དང་།
གསང་ཐིས་འཕར་མ་དགུ་སྐོར་གྱི་བཟློག་པ་ལས། “ དང་རྭ་ཧེབ་ཅུ་གསུང་གིས་རྒྱ་མཚོ་ཧུབ་ཀྱིས་འདེབས། །ཧྲིལ་དོ་ཧྲིལ་རྦང་གསུང་ཞིང་རི་རབ་ཚོགས་པོར་འཕེན། །གསེར་ཛོ་གཏར་རྡོ་ནམ་མཁར་བསོར་ཞིང་འཕོངས་པ་ཡིས། །རི་རབ་ཟོམ་ནས་འཚིག་ཅིང་རྒྱ་མཚོ་གཏིང་ནས་ཁོལ། །འཇིག་རྟེན་ཁམས་གསུམ་མ་ལུས་འཇིགས་སྐྲག་སྔངས། །གཡེན་དགུ་ལྷ་སྲིན་དོན་སྙིང་ཐང་ལ་ལྷུང་། །” ཞེས་གེ་ཁོད་བསྟོད་བསྐུལ་སྐབས་སུ་གསུངས།
གེ་གོད་ཛོ་དམར་འཁྱིལ་བའི་རྒྱུད་ཀྱི་དཔའ་བོ་ཆེ་དགུ་ལས། “ ཐོ་ཐོ་ཡམ་པ་མཐུ་བོ་ཆེ། །ཆིབས་སུ་ཤེལ་གྱི་རྣ་བ་ཆིབས། །གཡས་སུ་གསེར་གྱི་རྣ་རུ་བསྣམས། །གཡོན་ནས་གསེར་གྱི་ཙོ་དམར་འཕེན། ། ” ཞེས་སོགས་མང་ངོ་།
ཡང་ལོ་རྒྱུས་རྣམས་སུ་འཁོད་པ་དཔེར་ན། དར་རྒྱས་གསལ་སྒྲོན་ལས། “ དེས་ཨ་ནུ་འཕྲག་ཐག་ལ་བརྒྱུད། ཐུན་མོང་མུ་མར་གསེར་ཛོ་མདའ་ལྟར་འཕེན་ཅིང་། ” ཞེས་དང་། བསྟན་འབྱུང་ཕྱོགས་བསྡུས་ལས། “ ཨ་ནུ་འཕྲག་ཐག་ཞང་ཞུང་དབུས་ཀྱི་གཤེན། །ཏི་སེ་གངས་ལ་བསྒྲུབས་པས་གྲུབ་པ་ཐོབ། །ཐུན་མོང་གསེར་ཛོ་འཕངས་པས་སྲིན་ཡུལ་བསྲེགས། །ཤིག་ཙོ་འཕངས་པས་གྲན་ལུས་ཧྲེང་ནས་ཤི། དུག་ཙོ་འཕངས་པས་དགྲ་ལུས་ཞིག་ནས་ཤི། །དུག་ལ་སྨན་དུ་བསྒྱུར་ནས་གསོལ་བ་དང་། །” ཞེས་དང་།
འདིའི་སྐོར་སྐྱབས་སྟོན་གྱིས་ཁྲོ་འགྲེལ་ནང་དུ། “ ཕྲག་ཐག་གིས་གཞུང་འདི་བསྒྲུབས་པས་རྫུ་འཕྲུལ་མཐུའི་རྟགས་ནི། མུ་མར་ཞེས་བོད་སྐད་དུ་བསྒྱུར་ནས་གསེར་ཙོ་་སྟེ། འཕེན་ཚུལ་དཔུང་དང་ཁྱུང་དང་རྔུབ་གསུམ་སྟེ། གསེར་སྲང་གང་ཙམ་དང་། ཞོ་གང་ཙམ་སྔགས་ནས་འཕངས་བས། ཡུལ་སྡེ་དང་། ལུང་པ་དང་། གནས་གཞི་རེ་བརླག་པར་ནུས་པའི་ཕྱིར། མུ་མར་གསེར་རྒོད་ཞལ་ནས་མུར་བ་ནི། །ཉེ་ལོ་སྔགས་ཀྱིས་དགྲ་བགེགས་འདུལ་བའི་རྟགས། །ཅེས་པས་སོ། །པྲ་མོ་ཧ་བོད་སྐད་དུ་བསྒྱུར་ན་ཤིག་སྟེ། དགྲ་ལ་གསེར་ཏེ་ཙམ་པའི་ཙོ་འཕང་བབ་ཤིག་དྲིར་གསོད་པ་སྟེ། ཙོ་མཐུ་དང་དེའི་གྲུབ་རྟགས་ལ་ཤར་བ་ཡིན། “ ཞེས་གསལ་པོ་འགྲེལ་ཡོད།
ཡང་། བྲུ་སྒོམ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་ལོ་རྒྱུས་རྣམ་ཐར་དང་བཅས་པ་ལས། “ མཚན་ཡང་ལྷ་སྒོམ་དཀར་པོ་བྱ་བར་གྲགས་སོ། །ཕྱི་འབྱུང་བ་དབང་དུ་འདུས་པའི་རྟགས་སུ། བསྟན་པའི་དོས་འཛུགས་པ་ལ་ཛོ་དམར་མདའ་ལྟར་འཕེན་པ་དང་། ཡོན་བདག་གི་སྲིའུ་ན་བ་ལ་བླ་མ་སྒོམ་ནས། ལྷ་སྒོམ་དཀར་པོ་འདྲེ་ཛྭ་བྱས་པས་ཛྭ་ཡིས་ཁང་པ་གད་ནས་འདྲེ་བུད། སྲིའུ་སོས་པ་དང་། དགྲ་བོ་ལ་མཚན་སྟོན། ” ཞེས་སོགས་དང་།
ཁྲི་སྲོང་གིས་བོན་བསྣུབ་སྐབས་གྱེར་སྤུངས་ཆེན་པོས་གསེར་ཛྭ་འཕངས་ནས་རྒྱལ་པོ་སྙུང་པའི་ལོ་རྒྱུས་རྒྱས་པ་བོན་གྱི་བསྟན་འབྱུང་རྒྱལ་རབས་རྣམས་སུ་གསལ་བ་ལྟར། འདིར་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་ལས་གསལ་བའི་ཛྭ་ཡི་ནུས་པ་དང་ཁྱད་དབྱེ་སྐོར་ཞིག་གླེང་ན། དེའང་དེ་ཉིད་ལས། “ ཞང་ཞུང་རྒྱལ་པོའི་ཁབ་ཆེན་མ་ཁྱུང་ཟ་མཚོ་རྒྱལ་དེས། བོད་ཀྱི་རྒྱལ་པོ་ལ་ཐུགས་ཀྱི་བརྣག་པ་སྐྱེས་ནས། གྱེར་སྤུངས་སྣང་བཞེར་ལོད་པོ་སྤྱན་དྲངས། ཟ་འོག་དགུ་རིམ་གྱི་གདན་བཏིངས། དར་དཀར་ཤ་བ་རིས་ཀྱི་གུར་ཕུབ། འབྲས་ཆང་དིང་པ་དྲངས། བདའ་དགུ་དང་འདོད་དགུ་ནི་ཕུལ། གདུང་པའི་མཆི་མ་ཁྲག་ཏུ་གཏིགས་ནས་ཞུས་པ། བོན་སྐྱོང་རྒྱལ་པོ་ནི་བཀྲོངས། བོན་ཁྲིམས་དར་གྱི་མདུད་པ་ནི་ཞིག །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག །བོན་ཁམས་སིལ་བུར་སོང་། གཡུང་དྲུང་བོན་གྱི་བསྟན་པ་ནི་ནུབ། འདི་ལྟ་བུའི་དུས་བྱུང་པས། ཐུགས་ཀྱི་བརྣག་པ་ཞུ་འཚལ་ཞུས་པས། སྣང་བཞེར་ལོད་པོའི་ཞལ་ནས། ང་ལ་སྤུ་བྱ་བ་གསེར་སྲང་གཅིག་ལ་ལོ་གསུམ་བསྒྲུབས་ནས་བཏང་ན། བོད་ཁམས་རླུང་གིས་འཁྱེར་བ་ཡོད་པ་འདི་བྱའམ། ཁྱུང་བྱ་བ་གསེར་སྲང་ཕྱེད་ལ་ཟླ་བ་གསུམ་བསྒྲུབས་ནས་བཏང་ན། ཡར་ལུང་སོགས་ཀ་ཁྲི་སྲོང་སྡེ་བཙན་འཁོར་དང་བཅས་པ་ཕུང་པ་ཡོད་པ་དེ་བྱའམ། རྔུབ་བྱ་བ་གསེར་ཞོ་གཅིག་ལ་ཞག་བདུན་བསྒྲུབས་ནས་བཏང་ན། རྒྱལ་པོ་ཉིད་སོད་པ་ཡོད་པ་འདི་བྱའམ། གསུངས་པས། མཚོ་རྒྱལ་གྱི་ཞལ་ནས་རྔུབ་མཛད་པར་འཚལ་ལོ་ཞུས་པས། གྱེར་སྤུངས་ཆེན་པོ་ད་རོག་མཚོ་གླིང་ལ། དར་དཀར་ཤ་བ་རིས་ཀྱིས་གུར་ཕུབ། ཟ་འོག་དགུ་རིམ་གྱི་གདན་ལ་བཞུགས་ནས། ཞག་བདུན་བསྒྲུབས་ནས། གསེར་ཞོ་གཅིག་གསུམ་དུ་བཅད་ནས། སུམ་ནམ་གཅིག་སྲོད་ལ་འཕང་པས། ཡར་ལུང་ཤམ་པོའི་མགུར་གྱི་མཚོ་ལ་རྒྱབ་ནས། མཚོ་སྐམས་ཀླུ་བྲོས། ཡར་ལུང་མཚོ་སྐམས་བྱ་བ་ཡོད་དོ། །སུམ་ནམ་གཅིག་ནམ་ཕར་ཕྱེད་ཚུར་ཕྱེད་ལ་འཕང་པས། སོག་ཁ་སྤུན་པོའི་རི་ལ་ཤ་བ་བདུན་ཉལ་བ་ལ་རྒྱབ་ནས། གཉིས་ཤི་ལྔ་རེངས་པས། ཤ་བ་རིང་ཀྱི་རི་བྱ་བ་ཡོད་དོ། །སུམ་ནམ་གཅིག་ཐོ་རངས་འཕང་པས། སྐུ་མཁར་བྱི་བ་སྟག་རྩེ་ལ་རྒྱབ་ནས། རྒྱལ་པོ་སྙུང་གིས་ཟིན་ནོ། །རྒྱལ་པོ་རིག་པ་ཅན་དེས་ཞལ་ནས། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས་བོན་སྐྱོང་རྒྱལ་པོ་བཀྲོངས། ད་ནང་ཐོ་རངས་ཙྭོ་འོང་ལུགས་ཀྱིས། གྱེར་སྤུངས་ཆེན་པོ་ཐུགས་ཁྲོས་པ་ཡིན་པས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ལ། མི་རྟ་བརྒྱ་ཐམས་པ་ཆོས་ཤིག །གྱེར་སྤུངས་དེ་ལ་ང་གསོ་བའི་ཐབས་ཡོད་དོ། ། ” ཞེས་སོགས་ཀྱིས་ཤེས་ནུས།
མཐུ་གཏད་རྫས་རིགས་ཀྱི་ཛྭ་ལ་རྣམ་གྲངས་འགའ་ཞིག་སྟེ། གོང་དུ་སྣང་བཞེར་ལོད་པོས་གསུངས་པའི་སྤུ་དང་། ཁྱུང་། རྔུབ་བྱ་བ་དང་། ཡང་ཨ་ནུ་ཕྲག་ཐག་གིས་བསྒྲུབས་པའི་སྐབས་གསེར་ཛྭ་དང་། དུག་ཛྭ། པྲ་མོ་ཧ་ཞེས་པའི་སྐབས་སུ་མཐུ་གཏད་འཕངས་རྗེས་ཕ་རོལ་དགྲ་བོ་ཤིག་ཁྱུས་གསོད་པའི་ཤིག་ཛྭ་སོགས་དང་།
ཡང་། གེ་ཁོད་སྒྲུབ་པ་ལས་ལྕམ་མོ་ཛོ་འགྱེད་ཀྱི་འཕྲིན་ལས་སྐབས་སུ། “ བསྭོ་ཛོ་དམར་དེ་ནི་ཐོག་འབེབ་བསྭོ། །ཛོ་སྐྱ་དེ་ནི་ཐོག་འཁུག་བསྭོ། གསེར་ཛོ་་སེར་པོ་དགྲ་འདུལ་བསྭོ། ཆུ་ཛོ་སྔོན་མོ་འདྲེ་འདུལ་བསྭོ། །ཁྲོ་ཛོ་དམར་པོ་འདྲེ་འདུལ་བསྭོ། །” སོགས་ཛོ་དམར་དང་། ཛོ་སྐྱ། གསེར་ཛོ། ཆུ་ཛོ། ཁྲོ་ཛོ་སོགས་ཛྭ་ཡི་རྣམ་གྲངས་ལྔ་ཙམ་བཤད་ཡོད།
དེ་ལྟར་ད་ལྟ་ང་ཚོའི་མཇལ་ཡུལ་དུ་གྱུར་པའི་ཛྭ་འཕེན་གྱི་ལས་ཁ་སྒྲུབ་པ་ཇི་ལྟར་ཡོད་དམ་ཞེ་ན། གཡུང་དྲུང་བོན་ལུགས་ཀྱི་གྲུབ་མཐའ་འཛིན་པའི་སྐྱེ་བོ་ཕལ་ཆེར་གྱིས་མཐོང་ཐོས་མྱོང་གསུམ་དུ་གྱུར་པའི་གེ་ཁོད་དབལ་ཆུའམ་དཔལ་ཤེལ་རྒྱུང་དཀར་པོའི་དབལ་ཆུ་སྐོལ་བའི་སྒྲུབ་པ་ཆ་ལག་དང་བཅས་པར་བོན་གཤེན་གྲུབ་པ་དང་ལྡན་པ་རྣམས་ཀྱིས་བསྒུབས་དང་སྒྲུབ་བཞིན་ཡོད་པ་འདི་དག་གིས་ཤེས་ནུས། སྒྲུབ་པ་འདི་དག་བོན་གཤེན་ནུས་མཐུ་ཅན་ཚོས་ཡུན་རིང་བཅད་རྒྱ་མཛད་ནས་བསྒྲུབས་རྗེས། ད་གཟོད་དབལ་མེ་འབུད་པ་དང་། དབལ་ཆུ་སྐོལ་བ། དབལ་ཁྱུང་རྩེད་པ། དབལ་རྡོ་རྫུ་བ། དབལ་གྱི་བཤར་བ་གཏོར་བ། དབལ་རྩམ་འཕེན་པ་སོགས། ངོ་མཚར་བའི་གྲུབ་རྟགས་མང་པོ་མཇལ་རྒྱུ་ཡོད། དེའང་དབལ་ཁྱུང་རྩེད་པ་ནི། ཉིན་གང་ལྷབ་ལྷུབ་ཏུ་ཁོལ་བཞིན་པའི་དབལ་ཆུའི་ནང་དུ་མར་གྱི་སྒོ་ང་བསྐྱུར་བ་དང་། དེ་རྗེས་མེ་སྟེང་གི་ཁྱུང་ཚང་ནས་མར་གྱི་དབལ་ཁྱུང་གིས་དབལ་ཆུ་ཚ་པོའི་ནང་ནས་སྒོ་ང་དང་བླ་གཡུ་སོགས་ལེན་སྐབས། མར་གྱི་སྒོ་ང་དང་བྱ་ཁྱུང་མདོག་ཙམ་ཡང་མི་ཞུ་བ་སོགས་དང་། དབལ་རྡོ་རྫུ་བ་ནི། རྡོ་དཀར་མཁར་སྒང་ཆེ་བ་འགའ་ཞིག་ཉིན་གང་པོར་དབལ་མེའི་ནང་དུ་བསྲེགས་རྗེས་ཕྱིར་བཏོན་ནས་དམར་ལིང་ངེར་ཡོད་པའི་རྡོ་སྲེག་ཐོག་དད་ལྡན་སུ་ཞིག་གིས་རྐང་རྗེན་དུ་བརྫིས་ནའང་དྲོད་ཁོལ་ཙམ་ལས་མི་འཚིག་པ་དང་། དབལ་གྱི་བཤར་རྡོ་གཏོར་བ་ནི། རྡེའུ་ཧྲུག་སླ་ང་གང་ཉིན་གང་དབལ་མེའི་སྟེང་དུ་བརྔོས་རྗེས་སུ་མི་ཚོགས་དད་ལྡན་ཚོའི་ཁྲོད་དུ་གཏོར་ནའང་སུ་ལ་ཕོག་ཀྱང་མི་འཚིག་མི་ན་བ་དང་། དབལ་རྩམ་མམ་ཛྭ་རྩམ་འཕེན་པ་ནི། མར་དང་བལ་སྐུད་ཀྱིས་དཀྲིས་པའི་སྒྲོན་ཤིང་ཆེན་པོ་ལ་མེ་བགོས་ཏེ། དེའི་ངོགས་སུ་དབལ་རྩམ་མི་ཚོགས་ཀྱི་ཁྲོད་དུ་འཕེན་སྐབས་མེ་ལྕེ་འདོམ་ཞག་གཉིས་གསུམ་ཙམ་མི་གསེང་དུ་མཆེད་ནའང་མི་འཚིག་པ་སོགས་ཀྱི་གྲུབ་རྟགས་མང་པོ་ཞིག་ད་ལྟའི་བོན་གཤེན་ཚོའི་སྒྲུབ་པ་ཉམས་ལེན་གྱི་སྐབས་སུ་མཇལ་རྒྱུ་ཡོད།
འོ་ན་སྐབས་འདིིའི་དབལ་ཆུའི་སྐབས་ཀྱི་ལས་སྒྲུབ་འདི་ཚོ་ཛྭ་དང་འབྲེལ་བ་ཅི་ཞིག་ཡོད་སྙམ་སྲིད་ཚེ། དེའང་ཡོད་དེ་གོང་དུ་བཤད་མ་ཐག་པའི་དབལ་ཤེལ་རྒྱུང་དཀར་པོའི་དབལ་ཆུ་སྒྲུབ་གཞུང་ལས། “ དེ་ནས་བཤར་བ་རྔོ་སྟེ་འདི་སྐད་དོ། བསྭོ་དང་པོ་ཛོ་སྲིད་གང་ནས་སྲིད། །འབྱུང་བ་ལྔ་ཡི་དངས་མ་ལ། ” སོགས་ནས། “ ཛོ་སྲས་མིང་སྲིད་བཅོ་བརྒྱད་དེས། །དྲག་པོ་ཛོ་ཡི་ལས་བྱེད་ན། །” སོགས་ནས། “ དྲག་པོའི་ཐུན་རྡོ་བཤར་བ་འདིས། །ཕུགས་སུ་གཏོར་བས་ཕུགས་འདྲ་ཐུལ། །སྒོ་རུ་གཏོར་བས་གོད་འདྲེ་ཐུལ། །” ཞེས་པ་འདི་དག་གིས་དབལ་ཆུའི་སྐབས་སུ་ཐུན་རྡོའམ་བཤར་བ་གཏོར་ཚུལ་དང་། དེ་བཞིན་ཛྭ་རྩམ་རྒྱག་ཚུལ་དེ་དག་ཛྭ་ལས་དངོས་ཡིན་པར་བསྟན་ཡོད།
ཛྭ་ཡི་སྐོར་བཤད་སྐབས་འདི་དག་ཉམས་སུ་ལེན་མཁན་གྱི་གང་ཟག་ལའང་ཛྭ་ཡི་མིང་བརྡས་བརྒྱན་པ་མང་དག་སྣང་སྟེ། དཔེར་ན། ཞང་ཞུང་ཙོ་་མེན་གྱེར་ཆེན། ཞང་ཞུང་མུ་ཛོ་ཛྭ་ཡེར། ཞང་ཞུང་འུ་ཡེར་ཛྭ་འགྱེད། ལྟ་བུའོ།
དེ་ལྟར་སྐབས་འདིར་བཤད་བཞིན་པའི་དྲག་པོའི་ཛྭ་ལས་འདི་དག་ངན་སྔགས་ཏེ་ཕ་རོལ་པོ་གསོད་བཏུབ་སྒྱེལ་གསུམ་བྱེད་སྤྱད་ཁོ་ན་མིན་པར། ཕ་རོལ་པོའི་ལུས་ངག་ཡིད་གསུམ་གྱི་རྐྱེན་ངན་བག་སྒྲིབ་ཀྱི་གནོད་པ་ཞི་བའི་ཆེད་ཡིན་པ་ནི་གོང་དུ་བཤད་ཟིན་པའི་ཛྭ་རབས་དང་སྒྲུབ་གཞུང་དེ་དག་ལས་ཤེས་ནུས་སོ།། །།
གཉིས་པ། ཐིས་ཀྱི་སྐོར་གླེང་བ།
འདིར་བཤད་བྱ་གཉིས་པ་ཐིས་ཀྱི་སྐོར་ལ། ཐ་སྙད་འདི་ཡང་གོང་བཤད་ཛྭ་ལྟར་དེང་རབས་བོད་ཀྱི་སྤྱི་ཁྱབ་ཚིག་མཛོད་ནས་ཕལ་ཆེར་འབྲེལ་བཤད་མཐོང་རྒྱུ་མེད། འོན་ཀྱང་ཕྱིས་བྱུང་བོན་འབྲེལ་གྱི་ཚིག་མཛོད་འགའ་ཞིག་ཏུ་ཐིས་ནི་ཞང་སྐད་དེ་ཛྭ་སྒྲུབ་པའི་ཆོ་ག་ལ་གོ་ཚུལ་བཤད་འདུག་ཀྱང་། གུས་པའི་བསམ་ཚུལ་ནི། སྤྱིར་ཐིས་ཞེས་པ་ཛྭ་སྒྲུབ་ཀྱི་ཆོ་གའི་དོན་གཅིག་པུ་ཙམ་ལ་གོ་རྒྱུ་མིན་པར་གནད་ཆེའི་སྙིང་པོའམ་གསང་བའི་དོན། དེ་བཞིན་དམར་ཁྲིད་ཀྱི་གདམས་པ་སོགས་ལའང་གོ་བ་ཡོད་སྲིད་པར་འདོད་དེ། ཞང་སྐད་དུ། ཨི་ཐིས་ཞེས་པ་སྙིང་པོའམ་གལ་འགང་ཆེ་བ་དང་། ཨི་ཐིས་ཡ་ཞེས་པ་ནི་གསང་བའི་དོན་ཡིན། ཐ་སྙད་དེ་དང་འབྲེལ་བའི་ཨག་ཐམ་དང་ཨི་ཐ་སོགས་ནི་སྦས་པའམ་དམར་ལ་ཟབ་པར་གསང་རྒྱ་བྱེད་པའི་དོན་ཡིན་པ་ལྟར་རོ། །
དེ་ལྟར་ཐ་སྙད་དེའི་འཇུག་ཡུལ་དང་དེས་དོན་ཇི་ཞིག་སྟོན་ཞེ་ན། ཐིས་ནི་གཙོ་བོར་དྲག་པོ་གསང་སྒྲུབ་མཐུ་ཡི་མན་ངག་གི་རྒྱུད་དང་སྒྲུབ་པ་ལ་གོ་བར་འདུག་སྟེ། གཏེར་གྱི་ཁ་བྱང་ལས། “ ཡང་བསློགས་པས་ཟངས་ཀྱི་སྒྲོམ་བུ་ཞིག་བྱུང༌། དེ་ཁ་ཕྱེས་ནས་བལྟས་པས་ཞང་ཞུང་ཐིས་ཀྱི་བོན་སྐོར་བྱུང༌། གཟིགས་པས་ཐིས་ལ་གསུམ་སྟེ། ཐིས་དཀར་གསོ་བའི་རྒྱུད། ཐིས་དམར་བཟློགས་རྒྱུད། ཐིས་ནག་བསད་པའི་རྒྱུད་དང་གསུམ་མོ། །ཐིས་དཀར་ལ་བཞི་སྟེ། ཐིས་སྨད་བཅོ་བརྒྱད་དོ། །ལྷ་གསལ་འདེབས་ཀྱི་སྒོམ་ཁོག ཐིས་སྤུར་ནག་པོ་གསང་བ་ཐུགས་ཀྱི་བེའུ་ཆུང་དང་བཞིའོ། །ཐིས་དམར་ལ་གསུམ་སྟེ། བཟློག་པའི་རྒྱུད་དང་དབབ་བཅད་གཉིས་སོ། །ཐིས་ནག་གཉིས་གསང་བའི་རྒྱུད་དང༌། དབལ་ཕུར་ནག་པོ་གཉིས། དེ་ལྟར་དགུ་བྱུང་ངོ༌། །གོང་གི་ཐིས་ལ་ཐིས་དམར་འདི་འཕེལ་ན་བསྟན་པ་ལ་གནོད་པར་འདུག་སྙམ་ནས་བཞག་གོ །ཐིས་དཀར་ཐིས་ནག་གཉིས་བྲིས་ནས་ཞུ་དག་བྱས། ཕྱི་མོ་སྐྱར་གཟིགས་རྟོགས་བྱས་ནས་ཐིས་དམར་ནས་ཁ་སྐོང་བྱ་བ་འདུག་པས་ཐིས་དམར་ཡང་བྲིས། ” ཞེས་དང་།
དར་རྒྱས་གསལ་སྒྲོན་ལས། “ ཞང་ཞུང་གི་ཐིས་སྔགས་ལ་རྒྱུད་ཁྲི། ” ཞེས་དང་། “ ཐིས་སྔགས་ནི་གཙོ་དབལ་གྱི་དྲག་སྔགས་སོ། །” ཞེས་དང་། ཡང་ཉིད་ལས། “ གཟེ་སྟོན་གྱིས་ལ་སྟོད་གཙང་པོ་ནས་སྟོན་པའི་བོན་སྡེ་ལ། ཞང་ཞུང་ཐིས་ཀྱི་སྐོར་བྱུང་སྟེ། ཐིས་དཀར་གསོ་བའི་རྒྱུད་ལ་སྡེ་བཞི། ཐིས་དམར་ཟློག་པའི་རྒྱུད་ལ་གསུམ། ཐིས་ནག་བསད་པའི་རྒྱུད་གཉིས། མཛུབ་ཐིས་དང་བཅུ་བྱུང་ངོ་། ། ” ཞེས་སོགས་ལ་གཟིགས་ན་ཐིས་ཀྱི་གོ་དོན་དང་དེའི་ཁྱབ་ཚད་ཧ་ཅང་ཆེ་བར་ཤེས་ནུས།
དེ་ལྟར་ཐིས་ཀྱི་རྒྱུད་སྡེ་ལ་དབྱེ་ན་ཇི་ལྟར་ཡོད་ཅེ་ན། གེ་ཁོད་བདུད་འདུལ་གསང་བ་རྩ་བའི་རྒྱུད་ལས། “ ཨེ་མ་ཧོ། ཀུ་བྱི་མང་ཀེ་ལ་སོགས་འཁོར་རྣམས་གུས་པའི་ཉོན། ཞུས་པའི་དོན་དེ་རྒྱས་པར་བཤད། ང་ཡི་བསྟན་པའི་བཀའ་རྒྱུད་ལ། བརྗོད་པ་སྟོང་ཕྲག་དྲུག་ཅུ་ཡོད། དབྱེ་བཤགས་བརྗོད་ན་བསམ་མི་ཁྱབ། བསྡུས་ན་རང་གི་སེམས་ཉིད་ཡིན། སྟོང་ཕྲག་དྲུག་ཅུའི་ནང་ནས་ཀྱང་། ཡོངས་གྲགས་རྒྱུད་སུམ་བརྒྱ་དྲུག་ཅུ་ཡོད། དེ་ཡང་ཕྱི་ནང་གསང་བར་བསྟན། ཕྱི་ནི་འཇིག་རྟེན་ལྷ་རྒྱུད་ལ། ནང་ནི་མེ་རི་འབར་བ་ཡིན། གསང་བ་ཐིས་སྒྲུབ་དྲག་པོ་ཡིན། བཀའ་རྒྱུད་ཕྱེ་ན་འདི་ཉིད་ནང་དུ་འདུས། ནང་གི་རྒྱུད་ལ་མེ་རི་འབར་བ་རྩ་བའི་རྒྱུད། འོད་གསལ་འཕྲིན་ལས་དང་། མན་ངག་སྟོན་པ་ཏི་ཀ་ལོ། །དེ་ལ་ཡང་ཕྱི་ནང་གསང་བར་བསྟན། གསང་བའི་རྒྱུད་ལ་གསུམ་དུ་འདུས། བདུད་འདུལ་གསང་བའི་རྩ་རྒྱུད། ཐིས་དམར་གསང་བ་གཏིང་རྫོགས་འཕྲིན་ལས་རྒྱུད། འོད་དམར་གསང་ཐིས་ལས་ཕྲན་རྒྱུད། རེ་རེ་ལ་ཡང་ཕྱི་ནང་གསང་བ་གསུམ་སྟེ། དེ་ལ་ཁྱད་པར་བཀའ་རྒྱུད་འདི། རྣམ་གྲངས་རྣམ་པ་ལྔ་རུ་བསྟན། བདུད་འདུལ་གསང་བ་རྩ་བའི་རྒྱུད། ཐིས་དམར་གསང་བ་གཏིང་རྫོགས་འཕྲིན་ལས་རྒྱུད། མེ་རི་གཡུང་དྲུང་འཁྱིལ་པ་དབང་གི་རྒྱུད། འོད་དམར་གསང་ཐིས་ལས་ཁའི་རྒྱུད། ཡེ་ཤེས་འཁྱིལ་པ་གནས་ལུགས་སྟོན་པ་ལྟ་བའི་རྒྱུད། རྒྱུད་ཀྱི་རྣམ་གྲངས་ལྔ་རུ་འདུས། དབྱེ་ན་བསམ་འདས་མང་ཡོད་ཀྱང་། རང་རང་ནང་དུ་རྒྱས་པར་བསྟན། ། ” ཞེས་སོགས་གེ་ཁོད་ཀྱི་སྒྲུབ་པ་སྐབས་ཀྱི་གསང་སྒྲུབ་དེ་དག་ཐིས་ཀྱི་སྒྲུབ་པའམ་ཐིས་རྒྱུད་ཡིན་པར་བསྟན་ཡོད།
ཡང་བདལ་འབུམ་ལས། “ གསོལ་པ། ཞང་ཞུང་གི་ཐིས་སྔགས་རྒྱུད་ཁྲི་པ་དེ་དག་ལ། འདུས་པའི་རྒྱུད་དུ་མཆིས། ཅེས་གསོལ་པ། གཤེན་རབ་ཀྱིས་བཀའ་སྩལ་པ། དེ་ནི་རྩ་བའི་རྒྱུད་ཉི་ཤུ་ཐམ་པ་སྟེ། ཙོ་དམར་ལ་ཤན་ཤིན་ཏུ་གསེར་ཁྲག་གི་རྒྱུད་དང་། གསར་བ་སླན་ཅན་ས་གཞིའི་རྒྱུད་དང་། ཀླུ་ཡི་རྒྱལ་པོ་མུ་ཟངས་ཀྱི་རྒྱུད་དང་། ཐུགས་གསུམ་མཐོང་རེག་གི་ཐོས་རྒྱུད་དང་། ལྟས་ངན་རྒྱལ་པོ་གྲང་ཚེར་དར་དམིགས་དགུའི་རྒྱུད་དང་། སྟག་མོ་སྲིད་པའི་ལས་བྱེད་མའི་རྒྱུད་དང་། པུ་ཁ་བརྒྱད་དྲག་པོ་ཐུན་སྐོར་གྱི་རྒྱུད་དང་། ཐུན་དགུ་སྐོར་རྣམ་ཤེས་སྲོག་པའི་རྒྱུད་དང་། ཕྱིར་ཟློག་ཀུན་འབྱུང་ཐམས་ཅད་ཟློག་པའི་རྒྱུད་དང་། ཐིས་དཀར་ནག་དྲུག་ཅུ་སྐོར་གྱི་རྒྱུད་དང་། མེ་རི་འོད་གསལ་འཕྲིན་ལས་ཀྱི་རྒྱུད་དང་། ཐ་རམ་ནག་པོ་བདུད་རྣམས་འདུལ་བའི་རྒྱུད་དང་། གཡུ་རྩེའི་ཉི་མ་སེམས་ཉིད་རང་གི་རྒྱུད་དང་། གེ་ཁོད་སྐུ་གསུང་ཐུགས་ཀྱི་ཐུགས་རྒྱུད་དང་། ཨ་ཏི་མུ་ཝེར་མ་སྐྱེད་གནས་སུ་དག་པའི་རྒྱུད་དང་། སྐྱི་འདངས་ཚ་ཚུགས་དབའ་ཀླུང་འཁྲུགས་པའི་རྒྱུད་དང་། སྐུ་བླ་མུ་ཏུར་དམ་འགོང་འདུལ་བའི་རྒྱུད་དང་། གྱད་ཕུར་གསང་བ་དྲག་པོ་རང་གྲོལ་གྱི་རྒྱུད་དང་། གསང་བ་ཐུགས་ཀྱི་རེག་ཆོད་ཀྱི་རྒྱུད་དང་། ཞང་ཞུང་གི་ལྷ་རིགས་རང་རང་སྒོས་སྒྲུབ་ཀྱི་རྒྱུད་དང་། ” ཞེས། ཐིས་ལ་རྩ་བའི་རྒྱུད་ཉི་ཤུ་ཐམ་པ་ཡོད་པར་གསུངས།
རྒྱུད་སྡེ་འདི་ཉིད་ལྷོ་གཏེར་ཐེག་དགུའི་ལུགས་ཀྱི་ཨ་དཀར་ཐེག་པ་དང་འཕྲུལ་གཤེན་ཐེག་པ་གཉིས་ཀའི་ཁོངས་སུ་ཡོད་པར་གསལ་ཏེ། མདོ་དྲི་མེད་ལས། “ གསུམ་པ་འཕྲུལ་གཤེན་ཐེག་པ་ལ། །སྟོབས་ལྔ་ཐབས་དྲུག་ལས་རིམ་གྱིས། །རྫུ་འཕྲུལ་བཅུ་གསུམ་མཐུ་ཡི་རྒྱུད། །བཙོ་དབལ་ཐིས་གསུམ་དྲག་པོ་གསུམ། །རྒྱུད་སྡེ་ཆེན་པོ་བཞི་རུ་དབྱེ། ། ” ཞེས་དང་།
“ བདུན་པ་ཨ་དཀར་ཐེག་པ་ལས། །སྔགས་སྡེ་ཆེན་པོ་དགུ་རུ་སྟེ། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །ཐིས་སྔགས་དབལ་སྔགས་སྤུར་སྔགས་དང་། །དམོད་སྔགས་དྲག་སྔགས་ངན་སྔགས་སྟེ། །གསང་བ་སྔགས་ཀྱི་སྡེ་དགུ་ལས། །ཡན་ལག་སུམ་བརྒྱ་དྲུག་ཅུ་དབྱེ། །ཨ་དཀར་ཐེག་པའི་བོན་སྡེའོ། ། ” ཞེས་སོགས་གསུངས་སོ། །
འདིར་ཐིས་རྒྱུད་དང་ཐིས་སྔགས་གཉིས་ནི་རྩ་བའི་གོ་དོན་གཅིག་པ་ཡིན་པ་ནི། གོང་དུ་ལུང་དྲངས་པའི་ “ ཞང་ཞུང་གི་ཐིས་སྔགས་ལ་རྒྱུད་ཁྲི། ” ཞེས་དང་། “ ཞང་ཞུང་གི་ཐིས་སྔགས་རྒྱུད་ཁྲི་པ་དེ་དག་ལ། འདུས་པའི་རྒྱུད་དུ་མཆིས། ” ཞེས་པ་འདི་དག་ལ་བརྟག་ན་མཁྱེན་ཐུབ།
འདིར་རྩ་བའི་བཀའ་དྲི་བ་ཐིས་དཀར་དང་། ཐིས་ནག ཐིས་དམར་གསུམ་གྱི་ཁྱད་པར་ཅི་ཡོད་ཅེས་པ་ལ། བསམ་ཚུལ་ཉུང་ངུ་ཞིག་ཞུ་ན། གོང་དུ་ལུང་དྲངས་པའི་ “ ཐིས་དཀར་གསོ་བའི་རྒྱུད། ཐིས་དམར་བཟློག་རྒྱུད། ཐིས་ནག་བསད་པའི་རྒྱུད་དང་གསུམ། ” ཞེས་པ་ལྟར། ཐིས་དཀར་ནི་གསོ་བ་དང་སྲུང་བའི་སྔགས་ཀྱི་རྒྱུད་དང་། ཐིས་དམར་ནི་བཟློག་པ་དང་འགུག་པའི་སྔགས་རྒྱུད། ཐིས་ནག་ནི་བསད་པ་དང་བསྒྲལ་བའི་སྔགས་རྒྱུད་དེ་མདོར་ན། གེ་ཁོད་དང་མེ་རིའི་རྒྱུད་སྡེ་རྣམས་ཀྱི་སྲུང་བཟློག་བསད་གསུམ་ལ་ཐིས་དཀར་དམར་ནག་གསུམ་གྱི་བརྡ་འཇུག་པ་མིན་ནམ་སྙམ།
འདིར་ཐིས་དང་འབྲེལ་བའི་བྱུང་རབས་ལོ་རྒྱུས་ལ་བསམ་གཞིག་བྱ་ན། གོང་དུ་ཛྭ་ཡི་སྐབས་འཆད་ཟིན་པ་ལྟར་ཁྲི་སྲོང་གིས་བོན་སྡེ་བསྣུབས་རྗེས་གྱེར་སྤུངས་ཆེན་པོས་ཛྭ་འཕངས་ནས་རྒྱལ་པོ་སྙུང་གིས་ཟིན། དེ་ནས་བློན་པོ་རྣམས་བཀའ་བགྲོས་ཏེ་གྱེར་སྤུངས་ཆེན་པོར་ཐུགས་དགོངས་དངས་བ་དང་བོན་སྡེ་རྣམས་གང་འཚམས་སྤྱོད་རྒྱུའི་ཁས་ལེན་ཞུས། གྱེར་སྤུངས་ཆེན་པོས་ཀྱང་ཐིས་ཀྱི་སྒྲུབ་པ་མཛད་ནས་རྒྱལ་པོ་སླར་སྙུང་སངས་བའི་སྐོར། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས་ལས། “ དེ་ནས་གྱེར་སྤུངས་རྗེའི་སྤྱན་སྔར་གདན་སྤྱོད་ནས། ཕྱིར་ལྡོག་གི་ཆོ་ག་གསང་ཐིས་འཕར་བ་དགུ་བསྐོར་མཛད། རྗེའི་བུ་ག་དགུ་ནས་གསེར་གྱི་སྐུད་པ་དར་སྐུད་སྒྲིལ་མ་ཙམ་རེ་ཡང་བཏོན་ནོ། །སྲང་ལ་བཅལ་བས་སུམ་ནམ་གཅིག་བཏོན་ནོ། །དེའི་རྗེས་ལ་ཁྲག་ངན་དང་བརྣག་དང་ཆུ་སེར་ལས་སོགས་པ་མང་དུ་བཏོན་ནས་བསྙུངས་པ་གདངས་སོ། ། ” ཞེས་དང་། ལེགས་བཤད་མཛོད་ལས། “ བོད་ཀྱི་རྗེ་བློན་འབངས་རྣམས་ཀྱིས་ཕྱག་བྱས་ཏེ་ཅི་གསུངས་ཉན་ནོ་ཞུས་པས། དེར་གྱེར་སྤུངས་ཀྱིས་གསང་ཐིས་ཀྱིས་སྔགས་མཛད་པས། རྒྱལ་པོའི་སྐུ་ལས་གསེར་རྟ་རྔ་ལྟ་བུ་མང་པོ་ཐོན་ནས་རྒྱལ་པོའི་བསྙུན་པ་དྭངས་སོ། །འབངས་རྣམས་ཀྱང་སྡུག་བསྔལ་ལས་གྲོལ་བར་མཛད་དོ། །” ཞེས། སྐབས་དེར་གྱེར་སྤུངས་ཆེན་པོས་གསང་ཐིས་འཕར་བ་དགུ་སྐོར་དང་། གསང་ཐིས་ཀྱི་སྔགས་མཛད་ནས་རྒྱལ་པོའི་ཚེ་བསྲིངས་བ་དང་། ནད་གསོས་པའི་སྐོར་དེ་དང་། གོང་དུ་ཐིས་དཀར་ནི་གསོ་བ་དང་སྲུང་བའི་སྔགས་ཀྱི་རྒྱུད་དང་། ཞེས་གསུངས་པར་གཞིག་ཚེ། འདི་སྐབས་ཛྭ་དང་ཐིས་གཉིས་ལས་ཐིས་ནི་གཙོ་བོར་སྲུང་གསོ་ལ་ཕྱོགས་ཆེ་བ་དང་། ཛྭ་ནི་བསད་བཟློག་ལ་ཕྱོགས་ཆེ་བ་མིན་ནམ་སྙམ་སྟེ་དཔྱད།
ད་དུང་དཔེ་མཚོན་གཞན་ཞིག་ནི། བཤད་མ་ཐག་པའི་དང་པོར་གྱེར་སྤུངས་ཆེན་པོས་ཛྭ་འཕངས་ནས་བོད་རྒྱལ་བསྙུངས་བཅུག་པ་དང་། ཡང་ཐིས་བསྒྲུབས་ནས་བསྙུངས་གསོས་པར་མཛད་པ་འདི་དག་གིས་ཅུང་ཤེས་ཐུབ་སྙམ།
ཡིན་ནའང་གསང་ཐིས་སྐོར་དེར་བསད་བཟློག་ཀྱང་ཡོད་དེ། གོང་དུ་དྲངས་པའི་གྱེར་སྤུངས་ཆེན་པོས་བོད་རྒྱལ་ཚེ་བསྲིངས་སྐབས་གསང་ཐིས་ཀྱི་སྒྲུབ་པ་མཛད་པའི་སྐོར་དང་འབྲེལ། གསང་ཐིས་དྲུག་གམ་གེ་ཁོད་ཐིས་དྲུག་ཅེས་གཙོ་བོར་གེ་ཁོད་ཀྱི་དབལ་ལྷ་དྲུག་གསོལ་ནས་སྒྲུབ་པ་མཛད་པའི་ཆོ་ག་ཞིག་སྟེ། དབལ་ལྷ་དྲུག་ནི། བདུད་འདུལ་དབལ་ཆེན་གོ་ཁོད། སྤྲུལ་པ་ཀུ་བྱི་མང་ཀེ། སྐུ་ལྷ་སྐྱེ་ཆེན་ཕུ་ཝེར། ཡུམ་ཆེན་མུ་ལ་ཙ་མེད། ཡུམ་ཆེན་ཚངས་སྟངས་རྒྱལ་མོ། མ་ཅིག་ནེ་སླས་རྒྱལ་མོ་དང་དྲུག་ཡིན། དབལ་ལྷ་འདི་དག་གསོལ་ནས་སྒྲུབ་པའི་གཞུང་དཔེར་ན། གེ་ཁོད་ཐིས་དྲུག་གི་དམར་ཆེན་གཏོར་བཟློག གེ་ཁོད་གསང་ཐིས་དྲུག་གི་གཏོར་བཟློག་སོགས་མང་པོ་ཡོད།
སྤྱིར་གསང་ཐིས་སྐོར་འདིར་དྲག་པོའི་ལས་མཐའ་དང་སྒྲུབ་པ་གཙོ་བོའར་འཛིན་པས་ལས་ཞི་སྒྲུབ་དང་དེ་ཙམ་འབྲེལ་བ་མེད་པར་སྣང་སྟེ། བཤད་མ་ཐག་པའི་གསང་ཐིས་དྲུག་གི་སྐོར་ནས་ཞི་བའི་ལྷ་ཆེན་ཨ་ཏི་མུ་ཝེར་སོགས་ཀྱང་མ་བྱུང་། གནད་འདི་དང་འབྲེལ་བའི་སྐོར་ཡེ་ཁྲི་མཐའ་སེལ་མན་ངག་རིན་པོ་ཆེ་ཐུན་མོང་གི་བོན་བདུན་ལས། “ ཐིས་འདིས་ནི་འཇིག་རྟེན་གྱི་མི་ལ་ཕན་ཐོགས་སོ། །ཐིས་ཀྱི་མཛེ་བསྲུང་བའི་མན་ངག་རྫོགས་སོ། ཐིས་ཐམས་ཅད་ཀྱི་ཉིང་ཁུ་འདི་ཡི་ལུགས་ཀྱིས། ཡེ་ཤེས་ཀྱི་ལྷ་ཨ་ཏི་མུ་ཝེར་དང་གཙོ་རུ་མི་ཆེའོ། །” ཞེས་གསུངས་སོ། །
འདིར་ང་ཚོས་ཤེས་དགོས་པ་ནི་ཐིས་དང་ཛྭོ་གཉིས་རྭ་རུ་གཡས་གཡོན་ལྟ་བུའི་གཞུང་ཕན་ཚུན་འབྲེལ་བ་མེད་པ་ནི་མ་ཡིན་ཏེ། སྒྲུབ་པ་འདི་གཉིས་ཀྱི་གསོལ་བྱའི་དབལ་ལྷ་ནི་གེ་ཁོད་ཀྱི་དབལ་ལྷ་ཡང་ཡོད་ལ། དེ་བཞིན་མེ་རིའི་དབལ་ལྷ་ཡང་ཡོད་པ་ཡིན། དེའང་གེ་ཁོད་གསང་བ་དྲག་ཆེན་གྱི་གཞུང་ལས། “ཨེ་དབལ་ཆེན་ཡོན་ཏན་སྤྲུལ་པ་ནི། །བྱང་ཕྱོགས་འཁར་ལོའི་རྩིབས་སྟེང་ན། །གེ་ཁོད་ཙོ་མེན་ཐིས་ཀྱི་བདག” ཅེས་དབལ་ལྷ་གེ་ཁོད་ནི་ཛྭ་དང་ཐིས་གཉིས་ཀའི་བསྒྲུབ་བྱའི་ལྷ་ཡིན་པར་གསུངས་པ་ལྟ་བུའོ། །
དེ་བཞིན་བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས། “གཙང་མ་ཞང་ཞུང་གི་སྡེ་ལ། གྱད་ཕུར་སྐུའི་སྒྲུབ་པ་ལ། ཕོ་སྐོར་ནི། མེ་རི་རྒྱུད་གསུམ། སྒྲུབ་ཐབས་གསུམ། ལྟ་བ་གསུམ། སྡེ་ཁ་བཅོ་བརྒྱད་དོ། །མོ་སྐོར་ནི་མུ་ཙ་མེད་ཀྱི་སྐོར་དང་། སྟག་རི་རོང་གི་སྐོར་དང་། ས་སྲུང་གི་སྒྲུབ་པ་ལ་ལྔ། ཐུན་ཐུགས་ཀྱི་སྒྲུབ་པ་ལ་དུག་ཕུར་རྒྱུད་གསུམ། ཐིས་ཡོན་ཏན་སྒྲུབ་པ་དྲུག ཙོ་ཕྲིན་ལས་ཀྱི་སྒྲུབ་པ་ལ་རྒྱུད་གཉིས་སོ། །” ཞེས་སྒྲུབ་གཞུང་ལས་མཐའ་ཞིག་གི་བྱེད་ལས་ཀྱི་ཆ་སྟེ་ཛྭ་ནི་འཕྲིན་ལས་ཀྱི་ཆ་དང་། ཐིས་ནི་ཡོན་ཏན་གྱི་ཆ་དང་སྦྱར་ཏེ་བཤད་ཡོད་པ་ལྟ་བུ་ཡིན།
འདིར་གོང་སྨྲས་ཛྭ་ལྟར་སྒྲུབ་པའི་གཤེན་པོ་རྣམས་ལའང་ཐིས་ཀྱི་མཚན་གསོལ་བ་གང་མང་ཡོད་འདུག་སྟེ་དཔེར་མཚོན་ནི། ཛྭ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན། གེ་ཁོད་ཐིས་འཕེན། ཐིས་མར་ཐད། མེས་ཐིས་པ་ལྷ་ལེགས་སོགས་ལྟ་བུའོ། །
དེ་མིན་འདི་དང་འབྲེལ་བའི་སྐོར་གླེང་འདོད་པ་གཞན་ཞིག་ནི། ཐུན་དང་། ཟུར། པུ་(སྤུ)། སོགས་ཡིན། དང་པོ་ཐུན་ནི། མཐུ་གཏད་སོགས་ལ་གོ་བ་དང་། མཐུ་གཏད་དེ་དག་སྦྲོན་སའང་ཡུངས་དཀར་ནག་དང་། རྡོ་དཀར་ནག རིགས་འདྲ་མིན་གྱིས་གྲུབ་པའི་ཕུར་པ། དེ་བཞིན་ཁྲག་ཐུན་སོགས་ཅི་རིགས་ཡོད་པར་སྣང་།
གཉིས་པ་ཟུར་ནི། གོང་དང་འདྲ་བར་མཐུ་གཏད་ཀྱི་ལས་སྒྲུབ་དང་འབྲེལ་ཏེ་ཕ་རོལ་སྡང་དགྲ་སོགས་ལ་དམིགས་ནས་འཕེན་བྱའི་དངོས་པོ་སྟེ། དེ་ལ་གཏོར་ཟུར་དང་། མདའ་ཟུར། རྡོ་ཟུར། ཆུ་ཟུར། མེ་ཟུར། ཤིང་ཟུར། ཁྲག་ཟུར། ཡུངས་ཟུར་སོགས་ཅི་རིགས་སུ་ཡོད་པར་ངེས།
གསུམ་པ་པུ་(སྤུ)ནི། ཛྭ་རང་ལ་གོ་བ་འདྲ་སྟེ། གོང་དུ་བོན་མ་ནུབ་པའི་གཏན་ཚིགས་ལས་དྲངས་པའི་གྱེར་སྤུངས་ཆེན་པོས་ཛྭ་སྒྲུབ་སྐབས། “སྣང་བཞེར་ལོད་པོའི་ཞལ་ནས། ང་ལ་སྤུ་(པུ་)བྱ་བ་གསེར་སྲང་གཅིག་ལ་ལོ་གསུམ་བསྒྲུབས་ནས་བཏང་ན། བོད་ཁམས་རླུང་གིས་འཁྱེར་བ་ཡོད།” ཅེས་པ་དང་། གདལ་འབུམ་ལས། “པུ་ཁ་བརྒྱད་དྲག་པོ་ཐུན་སྐོར་གྱི་རྒྱུད་དང་།” ཞེས་དང་། གསང་སྔགས་རྒྱུད་དྲུག་རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། “དྲག་ཤུལ་ལས་ལ་ཐོགས་མེད་པ། །པུ་ཐུན་ཐིས་སོགས་འཕྲུལ་དབང་བསྐུར། །རྟགས་དང་མཚན་པ་ངེས་པར་སྟོན། །” ཞེས་སོགས་ལ་བརྟག་ན་ཅུང་མཁྱེན་ཐུབ།
གསུམ་པ། དཔྱད་གླེང་གནད་བསྡུས།
ཛྭ་ནི་སྐབས་འགར་དྲག་པོའི་མཐུ་དང་གཏད་ཀྱི་ལས་མཐའམ་རྒྱུད་སྐོར་ལ་གོ་ཚུལ་ཞིག་དང་། ཡང་དྲག་པོའི་མཐུ་གཏད་ཀྱི་ངན་སྔགས་སོགས་ལ་གོ་ཚུལ་གཅིག དེ་མིན་དྲག་པོ་མཐུ་གཏད་ཀྱི་རྫས་སམ་ལག་ཆའི་རིགས་ཞིག་ལ་གོ་ཚུལ་ཡོད་པ་སོགས་ཀྱི་གནད་འགའ་ཞིག་མཆིས་པ་ལས། གཙོ་བོ་མཐུ་སྔགས་ཀྱི་རྫས་སམ་ལག་ཆའི་རིགས་ཀྱི་གོ་ཚུལ་འདི་ཤས་ཆེ་བར་སྙམ།
ཐིས་ནི་གཙོ་བོར་དྲག་པོ་གསང་སྒྲུབ་མཐུ་ཡི་མན་ངག་གི་རྒྱུད་དང་སྒྲུབ་པ་ལ་གོ་བ་ཤས་ཆེ་བར་འདུག་སྙམ་མོ། །
ཛྭ་དང་ཐིས་ཀྱི་སྐོར་གཙོ་བོ་གེ་ཁོད་དང་ཞང་ཞུང་མེ་རིའི་རྒྱུད་དང་སྒྲུབ་སྐོར་རྣམས་སུ་དཔེ་ཀློག་མང་ཙམ་བྱ་ཐུབ་ན་དཔྱད་གཞི་ཡང་མང་ཙམ་རག་ངེས་ཀྱང་ད་ལན་དུས་ཁོམ་དེ་ཙམ་མ་བྱུང་བས་འདི་ནས་མཇུག་བསྡུས་པ་ཡིན།
དགེ་ཧི་མ་ལ་ཡའི་རྒྱལ་སྲས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༢ གཟའ་མཇུག་གུང་གསེང་ཉིན་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་སྦྱར།། །།
(པར་རྣམས་ཆེན་པོ་གཟིགས་འདོད་ཚེ་པར་སྟེང་དུ་གནོན།)