འབུམ་རམས་པ་གླིང་སྨན་གཡུང་དྲུང་བཀྲིས་ལགས་སུ་དྲི་བ་དྲིས་ལན།
<< བོན་གྱི་དྲིས་ལན་དྲ་མཛོད་ >> ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་དབུ་བརྙེས་པ་ནས་བཟུང་ངེད་ཚོས་སོ་སོའི་སློབ་གཉེར་དང་ལས་ཀའི་བར་གསེང་ནས་ཞང་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས་སོགས་དེང་རབས་ཆ་འཕྲིན་གྱི་ལམ་ནས་འདིའི་ཕྱོགས་སུ་ཐུགས་སྣང་ཡོད་རིགས་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པས། རྒྱལ་ཕྱི་ནང་ཁག་ནས་ཀློག་པ་པོ་དང་ཞིབ་འཇུག་པ་གང་མང་ཞིག་གིས་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མཐོར་གནང་བཞིན་ཡོད།
དེར་འབྲེལ་ << བོན་གྱི་དྲིས་ལན་དྲ་མཛོད་ >> ངོས་ནས་འཆར་གཞི་དང་ལས་དོན་གང་མང་ཞིག་གྲ་སྒྲིག་ཡོད་པའི་ནང་གསེས་མི་སྣར་དྲི་བ་དྲིས་ལན་ཞུ་རྒྱུའི་ལས་ཚན་ “ ཞང་བོད་གླེང་སྟེགས་” ཀྱི་མི་སྣར་དྲི་བ་དྲིས་ལན་ནི་བླ་སྤྲུལ་དང་། དགེ་རྒན། ཞིབ་འཇུག་པ། ཆེད་མཁས། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཅི་རིགས་འདུས་པའི་ལེ་ཚན་ཞིག་ཡིན།
འདིར་བཀའ་དྲི་ཞུ་ཡུལ་རྣམ་པར་ཆེ་མཐོང་གུས་བཀུར་ཆེད་དོ་བདག་གི་མཛད་རྣམ་ཆེས་བསྡུས་པ་རེ་འགོད་བཞིན་ཡོད་པ་ལས་ལོ་རྒྱུས་ཆ་ཚང་འགོད་པར་སྟབས་བདེ་མིན་ལ་སོང་དེ་ལུགས་ཐུགས་ལ་འཇགས་པ་ཞུ་རྒྱུ་དང་། དེ་བཞིན་འདིར་འཁོད་པའི་དྲིས་ལན་རྣམས་བཀའ་ལན་གནང་མཁན་རང་གི་དགོངས་ཚུལ་ལས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ལྟ་བ་དང་ལང་ཕྱོགས་ཡིན་པའི་ཁྱབ་པ་མེད་པས་དེ་ལུགས་ངེས་དགོས་སོ།། །།
༧ ཁྱུང་པོ་སྟེང་ཆེན་རྫོང་སྨན་རྩིས་ཁང་གི་དབུ་འཛིན་འབུམ་རམས་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།།
འབུམ་རམས་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས་སམ་མིང་གཞན་དུ་ཁྱུང་འཚོ་བྱེད་ཟླ་འོད་ནི། ཕྱི་ལོ་ ༡༩༧༦ ལོར་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ། སྒང་རུ་ཚུན། འོང་བར་གྲོང་ཚོ་རུ་ཡབ་གླིང་རུ་ལྷ་བཙན་དང་ཡུམ་ལྕགས་བཟའ་རྫི་ཐུག་གཉིས་ཀྱི་རིགས་སུ་འཁྲུངས། དགུང་ལོ་ལྔ་ནས་ཡབ་ཀྱི་དྲུང་ནས་བོད་ཡིག་འབྲི་འདོན་དང་། དགུང་ལོ་བདུན་ནས་བཟུང་རིམ་བཞིན་དགེ་རྒན་དུ་མར་སློབ་དཔོན་དུ་བསྟེན་ནས་ཁྲི་རྡོ་གཞུང་བཙུགས་སློབ་ཆུང་དང་སྟེང་ཆེན་རྫོང་སློབ་ཆུང་། དེ་ནས་ཆབ་མདོའི་སློབ་འབྲིང་གཉིས་པར་དམའ་འབྲིང་དང་མཐོ་འབྲིང་བཅས་ཀྱི་སློབ་ཚན་ཁག་ལ་སྦྱངས་འབྲས་ལེགས་པོ་ཐོན། ཕྱི་ལོ་ ༡༩༩༦ ལོར་བོད་ལྗོངས་གསོ་རིག་སློབ་གླིང་དུ་བོད་ལུགས་གསོ་རིག་གི་དངོས་གཞིའི་སློབ་མར་ཡིག་རྒྱུགས་འཕྲོད། སློབ་གླིང་དེ་ནས་སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་དང་། ཁྲོ་རུ་ཚེ་རྣམ། ཚུལ་ཁྲིམས་རྒྱལ་མཚན། གོ་འཇོ་དབང་འདུས། བསམ་གཏན་སོགས་དགེ་བའི་བཤེས་གཉེན་དུ་མ་དང་། ཞོར་ནས་མཁས་དབང་དགེ་སློང་བསྟན་འཛིན་དབང་གྲགས་རིན་པོ་ཆེ་སོགས་གཙུག་ཏུ་བཀུར་ནས་བོད་ཀྱི་གསོ་རིག་གཙོས་རིག་གཞུང་ཁག་ལ་འབད་བརྩོན་ལྷོད་མེད་གནང་། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་སྟེང་ཆེན་རྫོང་མི་དམངས་སྨན་ཁང་དུ་ལས་བགོས་ཐོབ་སྟེ་སྨན་པ་དཀྱུས་མ་ནས་རིམ་པར་གཙོ་བཅོས་སྨན་པ་དང་བོད་སྨན་ཚན་ཁག་གི་ཚན་གཙོ་ཡི་འགན་གཅིག་ལྕོགས་གནང་། ཞོར་ནས་སྟེང་ཆེན་རྫོང་གསོ་རིག་ཆེད་སྦྱོང་འཛིན་གྲྭའི་དགེ་རྒན་གྱི་འགན་འཁྲི་ཡང་ཕྲག་ཏུ་བླངས་ཏེ་སློབ་མ་བརྒྱ་ཕྲག་གཉིས་ལ་ཉེ་བ་གསོ་སྐྱོང་ཞུས། ཕྱི་ལོ་ ༢༠༠༧ ལོར་ཆབ་མདོ་སྨན་རྩིས་ཁང་ནས་གཉེར་བའི་དངུལ་ཆུ་བཙོ་བཀྲུའི་ལག་ལེན་དང་། རིན་ཆེའི་སྦྱོར་བཟོའི་ལག་ལེན་དམར་ཁྲིད་ནང་ཞུགས་པ་དང་། མཆོག་སྤྲུལ་དབང་རྒྱལ་རྡོ་རྗེའི་མདུན་ནས་དབང་ལུང་ཕྱག་ལེན་རྣམས་གྱ་ནོམ་པར་བླངས། ཕྱི་ལོ་ ༢༠༠༨ ལོར་ཁྱུང་ཡུལ་ཁུལ་དུ་ཐེངས་དང་པོར་གཉེར་བའི་དངུལ་ཆུ་བཙོ་བཀྲུའི་ཕྱག་ལེན་ནང་མཁས་དབང་གཡུང་དྲུང་ཉི་མའི་མདུན་ནས་ལག་ལེན་གྱི་གདམས་ངག་མང་པོ་ཞུ་ཞོར་ཁུར་ལེན་པའི་བྱ་བ་གཉེར།
ཕྱི་ལོ་ ༢༠༠༩ ལོར་ཁྱུང་ཡུལ་བོད་སྨན་འཛིན་གྲྭ་ཐེངས་གཉིས་པའི་སློབ་གཉེར་ཡོངས་སུ་མཇུག་གྲུབ་ནས་སློབ་མཐའ་བསྒྲིལ་བའི་ལག་འཁྱེར་ཕུལ། ཕྱི་ལོ་ ༢༠༡༠ ལོར་སྦྱང་འབྲས་མཐོན་པོས་བོད་ལྗོངས་གསོ་རིག་སློབ་གླིང་དུ་ཞིབ་འཇུག་སློབ་མར་ཚུད། ཞོར་དུ་སློབ་ཆེན་སློབ་མ་བརྒྱ་ཕྲག་འགའ་ལ་སློབ་ཁྲིད་གནང་། ཞིབ་སློབ་འགྲིམ་རིང་ཆེད་ལས་དང་ཡིག་གཟུགས་ཐད་ནས་བྱ་དགའ་ཆེ་ཆུང་གྲངས་ ༡༥ ཙམ་བླངས། མཐར་ཞིབ་མཇུག་གི་དཔྱད་འབྲས་ལེགས་པར་གྲུབ་སྟེ་རབ་འབྱམས་ཞིབ་འཇུག་སློབ་མའི་མིང་ཐོབ་བླངས།
དེ་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་འགན་ཁུར་བ་དང་ཆབས་ཅིག་ལག་རྩལ་འབུམ་གཞོན་པའི་མཚན་གནས་ཐོབ་ཏེ། རིམ་པར་ ཕྱི་ལོ་ ༢༠༡༦ ལོའི་ཟླ་བ་ ༦ པར་སྟེང་ཆེན་རྫོང་སྨན་རྩིས་ཁང་དབུ་བརྙེས་རྗེས་གླིང་གཙོ་རྒན་པའི་འགན་ཁུར་བཞེས། ཕྱི་ལོ་ ༢༠༡༧ ལོར་ཆབ་མདོ་གྲོང་ཁྱེར་བོད་ལུགས་གསོ་རིག་རྟོགས་ཞིབ་ཚོགས་ཆུང་གི་མིང་ཐོག་ནས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་དང་ས་གནས་ཁག་ལ་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་སོགས་སུ་ཕེབས། ཕྱི་ལོ་ ༢༠༡༨ ལོར་གཡུར་ཟའི་རྒྱུགས་འབྲས་ལ་བརྟེན་ནས་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་ལས་ཕུལ་བྱུང་མི་སྣའི་གསོ་སྐྱོང་མ་དངུལ་ཡང་ཐོབ།
དེ་མིན་ཕྱག་ལས་ཐད་ལ། སྨན་རྩིས་ཁང་དུ་གནམ་རིག་སྐར་རྩིས་ཁང་བཙུགས་ཏེ་ས་གནས་ཀྱི་ཁྱད་ཆོས་ཡོད་པའི་ལོ་ཐོ་འདོན་ཐེངས་གཉིས་ཙམ་བཏོན་པ་དང་། ཞང་བོད་གསོ་རིག་འགྲེམས་སྟོན་ཁང་འཛུགས་པར་རིག་དངོས་བསྡུ་རུབ་དང་། རིག་དངོས་རྩིས་བཤེར། པར་རིས་འདེམས་སྒྲིག་སོགས་ཀྱི་ལས་ཀའི་གཙོ་འགན་དང་དུ་བླངས། བོད་ལུགས་དང་འབྲེལ་བའི་སྨན་བཅོས་སྐོར་གྱི་ལམ་སྟོན་དཔེ་དེབ་མང་པོ་གཙོ་བསྒྲིགས་གནང་།
ཕྱི་ལོ་ ༢༠༠༡ ལོ་ནས་ད་ལྟའི་བར་རྒྱལ་ཁབ་རིམ་པའི་དུས་དེབ་དང་དེ་མིན་དཔྱད་དེབ་གང་མང་དུ་ཕུལ་བྱུང་གི་རྩོམ་ཡིག་བཅུ་ཕྲག་མང་པོ་བྲིས་གནང་། ཞོར་དུ་ཁྱུང་བྲིས་སྐོར་ནས་དེབ་གཟུགས་སྤུས་ལེགས་གཅིག་སྒྲིག་རྩོམ་ཞུས་ཏེ་སྤེལ་བ་དེས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཞིབ་འཇུག་ཁྲོད་བག་ཆགས་ཟབ་མོ་བཞག་གནང་ཡོད།
རྒྱུན་དུ་སྨན་ཁང་དོ་དམ་དང་མང་ཚོགས་ལ་ནད་བརྟག་སྨན་བཅོས་གནང་བའི་ཞོར་དུ་ནད་གཞི་སྔོན་འགོག་དང་བདེ་ཐང་ཤེས་བྱའི་སྐོར་ཁམས་སྐད་བརྙན་འཕྲིན་ལས་ཁུངས་དང་། བོད་ལྗོངས་རླུང་འཕྲིན་ལས་ཁུངས། དེ་བཞིན་སྟེང་ཆེན་རྫོང་བརྙན་འཕྲིན་ཁང་སོགས་སུ་གདན་ཞུའི་བཅར་འདྲི་དང་ལེན་གནང་།
ཁོང་གིས་ཐུགས་འཁུར་ཕྲག་ཏུ་བླངས་ཏེ་སྨན་དོན་མི་སྣ་ཡོངས་ཀྱི་འབད་འབུངས་ཁྲོད་སྨན་རྩིས་ཁང་ལ་ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་དང་འབྲེལ་ཡོད་སྡེ་ཁག་ནས་སྔོན་ཐོན་སྡེ་ཚན་གྱི་བེ་ཆུའུ་ཨེན་བྱ་དགའ་ཐོབ། ཕྱི་ལོ་ ༢༠༡༧ ལོར་ཆབ་མདོ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༡༨ ལོར་རྒྱལ་ཡོངས་སྨན་ཁང་འཛུགས་སྐྲུན་རྩ་འཛུགས་ཨུ་ལྷན་ནས་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་སྨན་ཁང་བྱ་དགའ་ཐོབ། ཕྱི་ལོ་ ༢༠༡༨ ལོར་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ནས་སྔོན་ཐོན་ཚན་པའི་བྱ་དགའ་ཐོབ།
ཁོང་སྒེར་ལ་ཕྱི་ལོ་ ༢༠༡༤ ལོར་ཆབ་ཁུལ་ཕུལ་བྱུང་ཏང་ཡོན་དུ་འདེམས་ཐོན་བྱུང་བ་དང་། ཕྱི་ལོ་ ༢༠༡༥ ལོར་ཐེངས་གཉིས་པའི་དངུལ་ཆུ་བཙོ་བཀྲུའི་ལག་ལེན་ནང་ཕུལ་བྱུང་པའི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༡༧ ལོར་སྤེལ་བའི་བོད་སྨན་བདེ་སྲུང་སྐོར་གྱི་དཔྱད་རྩོམ་ལ་ཨང་དང་པོའི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༡༧ ལོར་སྤེལ་བའི་བོད་སྨན་ཆུ་བརྟག་རིག་པ་དང་རྙིང་ཚབ་རིག་པའི་དབྱེ་དཔྱད་ལ་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བྱ་དགའ་ཐོབ། ཕྱི་ལོ ༢༠༡༧ ལོར་ཆབ་མདོ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་མོ་ ༣༠ འཁོར་བའི་དུས་སྟོན་སྐབས་ཀྱི་དཔྱད་རྩོམ་ལ་ཕུལ་བྱུང་བྱ་དགའ་ཐོབ། ཕྱི་ལོ་ ༢༠༡༨ ལོར་རྫོང་མངོན་མེད་ཤུལ་བཞག་ལས་ཀའི་གྲུབ་འབྲས་ལ་རྩེར་སོན་བྱ་དགའ་ཐོབ། ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་གནམ་རིག་སྐར་རྩིས་རིག་ཚོགས་ཀྱི་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་དུ་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༡༩ ལོར་གཡུར་ཟའི་རྒྱུགས་འབྲས་ལ་བརྟེན་ནས་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་ལས་ཕུལ་བྱུང་མི་སྣའི་གསོ་སྐྱོང་མ་དངུལ་ཐོབ། ཞིབ་སློབ་སྐབས་ཀྱི་གཟི་བརྗིད་ཕྱག་འཁྱེར་དང་དེ་མིན་ཕྱག་འཁྱེར་སྣ་ཚོགས་ཁྱོན་བསྡོམས་པས་གྲངས་བཅུ་ཕྲག་དྲུག་ལ་ཉེ། མདོར་ན། སྤྱིར་ཁོང་ཉིད་བོད་ཀྱི་གསོ་བ་རིག་པའི་རྒྱུད་འཛིན་པ་ཞིག་ཡིན་པ་དང་། ཁྱད་པར་འབུམ་རམས་སྨན་པ་དང་རབ་འབྱམས་ཞིབ་འཇུག་སློབ་མ། དེ་བཞིན་སྨན་ཁང་གི་གླིང་གཙོ་ཞིག་ཡིན་པའི་ཆ་ནས་རྒྱལ་གཅེས་རིང་ལུགས་པ་འཁྲུལ་མེད་བྱ་བའི་འདུ་ཤེས་དམ་དུ་བཟུང་ཐོག་ལས་ཁུངས་ཀྱི་དོ་དམ་དང་འཕེལ་རྒྱས་ཀྱི་ཐད་ལ་ནུས་པ་གང་ལེགས་བཏོན་དང་འདོན་བཞིན་ཡོད་པ་བཅས་སོ།། །།
བཀུར་འོས་འབུམ་རམས་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས་ལགས་ནས། ཞང་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་འབྲེལ་བའི་དོན་དག་ཁ་ཤས་ཐད། འདི་ག་བོན་དྲིས་ལེན་དྲ་མཛོད་ལ་རྒྱང་འདྲིའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ།
༡) དྲི་བ། བོད་ཀྱི་གསོ་བ་རིག་པའི་ལག་ལེན་འདི་དག་ཐོག་མར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསོ་དཔྱད་ཀྱི་བོན་བསྟན་སྲས་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་པ་ནས་ཆ་ཚང་བ་ཞིག་ཡོད་དམ། ཡང་ན་ཕྱིས་སུ་རྒྱ་དཀར་ནག་དང་ཨ་རབ་སོགས་ནས་ཕྱི་ལུགས་ཀྱི་དཔྱད་ཐབས་སོགས་ནང་འདྲེན་བྱས་ཏེ་ཡར་རྒྱས་ཕྱིན་པ་ཞིག་ཡིན།
ལན། སྟོན་པ་གཤེན་རབ་མཆོག་ནས་ཁོང་གི་གོང་ཕྱྭ་རྗེ་རིང་དཀར། སྐོས་རྗེ་དྲང་དཀར། ཕྱྭ་ཚེ་རྒྱལ་མོ། འཕྲུལ་གཤེན་དར་དྲག རྒྱལ་བོན་ཐོད་དཀར་སོགས་ཀྱི་དུས་ནས་ཏེ་མདོར་ན་ཧ་ཅང་སྔ་བའི་དུས་ནས་དར་བའི་གསོ་རིག་ཉམས་མྱོང་རྣམས་རྨང་གཞིར་བཟུང་བའི་སྟེང་དུ་ཁོང་ནས་གསོ་རིག་བསྟན་པའི་ནང་དོན་རྒྱས་ཞིང་རྒྱས་པ་དཔེར་ན་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་དང་། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་སྨན་འབུམ་དཀར་པོ། གསོ་ཐབས་སམ་དཔྱད་ཐབས་སྨན་འབུམ་ཁྲ་བོ་སོགས་གསུངས་པ་རེད་འདུག དེ་ལ་ཕྱིས་སུ་དུས་རབས་དང་མཐུན་པའི་ཁ་སྐོང་དང་འཚམ་མཐུན་བྱས་ཡོད་ན་ཆོག་ཀྱང་། སྨན་འབུམ་དཀར་ནག་ཁྲ་གསུམ་དང་། ཀླུ་འབུམ་དཀར་ནག་ཁྲ་གསུམ། གཏོ་འབུམ་དཀར་ནག་ཁྲ་གསུམ་བྱ་བ་བོན་ལུགས་ཀྱི་རིགས་ཚན་གང་ཡིན་ན་དེའི་ནང་གསེས་རྣམ་གྲངས་འབྱེད་སྟངས་ཞིག་གི་ཁྱད་བོན་ལྡན་འདུག་ལ། འབུམ་བྱ་བ་འདིའང་བོད་ཀྱི་ཐ་སྙད་རྣལ་མ་ཞིག་ཡིན་པ་ལས་ཡུལ་གྲུ་གཞན་ལ་འདི་འདྲའི་འབོད་སྟངས་ལུགས་མེད་པ་ལྟ་བུར་སྣང་ངོ་།
གཤེན་སྲས་དཔྱད་བུ་ཁྲི་ཤེས་མཆོག་ནས་དབང་པོ་རིལ་བུའི་ལག་ལེན་རྒྱས་པ་ཚང་བའི་དུག་བཅོས་གཡུང་དྲུང་འཁྱིལ་བ་མཛད་གནང་ཡོད་པ་དང་། དེ་ལ་དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་ནས་དཔྱད་པའི་གཞི་གཙོ་བོ་མཛད་ནས་དབང་པོ་རིལ་བུའི་ལག་ལེན་རྒྱས་པར་གཏན་ལ་ཕབ་པ་དང་། དེང་སང་ཆབ་མདོ་སྨན་རྩིས་ཁང་གི་དབང་རིལ་ཤེལ་དཀར་མཆོད་རྟེན་འདི་བཞིན་རྨང་གཞི་དེ་གའི་སྟེང་ནས་སྦྱོར་ཚད་གཏན་ལ་ཕབ་པ་ཞིག་ཡིན་པ་ནི་སྦྱར་དུག་དང་སྦྱར་དུག་ཡིན་པར་དོགས་པ་ཀུན་ལ་ཐུགས་ཕན་སོས་པོ་ཡོང་བ་དེ་འདྲ་རེད་འདུག ད་དུང་དཔྱད་ཐབས་འཕྲུལ་སྡེ་དང་བྱིས་པའི་རྣ་རྩ་བརྟག་ཐབས་སོགས་མང་དུ་ཡོད་པ་དངོས་སུ་མཇལ་དུ་ཡོད་པ་དེ་འདྲ་རེད། སྔར་སྲོལ་གསོ་རིག་འབུམ་བཞི་ལྟ་བུ་སྟོན་པ་མཆོག་ནས་དཔྱད་བུ་ཉིད་ལ་གཉེར་དུ་གཏད་སྐབས་ནས་རྩ་བའི་སྒྲོམ་གཞི་ལེགས་པར་གྲུབ་ཡོད་ནའང་གཞན་ལུགས་ཀྱི་ཤུགས་རྐྱེན་ཅུང་ཟད་ཙམ་ཡང་ཐེབས་མེད་པའི་ཁ་ཚོན་ཡོངས་སུ་གཅོད་དཀའ་སྙམ། རྩ་བའི་ཆ་ནས་བོད་གངས་ཅན་པའི་ཁྱད་བོན་བླ་ན་མེད་པ་ཚང་བའི་ས་དར་རྡོ་དར་གྱི་རིག་པའི་གཞུང་ལུགས་ཞིག་ཡིན་པ་ནི་གཞུང་འདིའི་ནང་དོན་སྒོ་ཀུན་ནས་ཞང་བོད་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་གྲུབ་པ་ལུས། ནད་མེད་ཐ་མལ་བ། གཉེན་པོ་སྨན། བྱ་བ་སྤྱོད་ལམ། འཚོ་བ་ཟས་སོགས་ཚང་མ་ཡུལ་གངས་ཅན་པའི་སྣོད་བཅུད་ཀྱི་ཡོན་ཏན་ཚང་ཞིང་གཏོ་དང་མདོས་སོགས་ཡུལ་ལུགས་དང་མཐུན་པར་སྦྱར་དགོས་པའང་ལེགས་པར་བསྟན་པས་ཀྱང་ཤེས། མདོར་ན། རང་ལུགས་གཞུང་གི་དགོངས་པ་གཞིར་བཟུང་བའི་སྟེང་གཞན་ལུགས་ལེགས་པའི་ཆ་ཡིས་ཟུར་ཅུང་ཙམ་བརྒྱན་ཡོད་པའང་ཡིན་སྲིད་དེ། དེ་ནི་ཕན་ཚུན་སློབ་སྦྱོང་དང་ལེགས་ཆ་ལེན་རེས་ཀྱི་ལམ་ནས་འཐུས་སྒོ་ཚང་དུ་གཏོང་བའི་ལུགས་ཞིག་སྔ་ས་ནས་བོད་ཐེ་བའི་གཡས་གཡོན་ཡུལ་གྲུ་ཀུན་ལ་ཡོད་པར་མཐོང་ནའང་། རྩ་བའི་སྒྲོམ་ནི་གདོད་མ་ནས་རིམ་བཞིན་བྱུང་བའི་ཉམས་མྱོང་སྟེང་གཤེན་རབ་མྱྀ་བོ་ཆེས་གཞུང་ལུགས་གཏན་ལ་ཕབ། དཔྱད་བུས་མདོ་དགུ་འབུམ་བཞི་སོགས་ཕྱོགས་གཅིག་ཏུ་བསྡུས་པའི་ནང་དོན་རྣམས་ཡིན་པ་མཁྱེན་དགོས་སྙམ། །
༢) དྲི་བ། བོད་ཀྱི་གསོ་རིག་དང་འབྲེལ་བའི་ལོ་རྒྱུས་འགའ་ཞིག་ནང་བོད་སྨན་གྱི་དཔྱད་བཅོས་མང་པོ་ཞིག་བོད་རྒྱལ་བཅུ་པ་ཨེ་ཤོ་ལེགས་སྐབས་སུ་གཞི་ནས་དར་བ་དང་། དེ་བཞིན་སྤུ་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུ་སྐབས་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་སྲས་སྟག་རིའི་སྤྱན་ཕྱེས་པའི་ལོ་རྒྱུས་སོགས་ལྟར་ན་སྐབས་དེར་བོན་གྱི་གསོ་རིག་འབུམ་བཞིའི་དཔྱད་ཐབས་དང་ལག་ལེན་སོགས་དར་མེད་པ་ཡིན་ནམ།
ལན། ཨེ་ཤོ་ལེགས་ཀྱི་སྐབས་སུ་བོད་སྨན་དཔྱད་བཅོས་མང་པོ་ཞིག་དམིགས་བསལ་ཡར་རྒྱས་ཕྱིན་ཡོད་ན་ཆོག་ཀྱང་། རྨང་གཞི་ཙམ་མེད་པར་གཞི་ནས་དར་ཟེར་བ་དེར་ཡིད་རྟོན་ཤིན་ཏུ་ནས་དཀའ་འོ། དཔེར་ན། སྟོན་པ་གཤེན་རབ་མྱྀ་བོ་ཆེའི་སྔོན་དུ་ཉམས་མྱོང་གི་གསོ་རིག་ཡོད་པར་རྟོགས་ལ། ཁོང་གི་སྐུ་དུས་སུ་གཞུང་ལུགས་གཏན་ལ་ཕབ་གནང་བ་སོགས་ཡར་རྒྱས་བླ་ན་མེད་པ་ཕྱིན་ནའང་བོད་སྨན་དཔྱད་བཅོས་མང་པོ་གཞི་ནས་དར་ཟེར་བ་སྦྱར་ཐབས་དཀའ་བའི་ཚོད་དུ་སྣང་བ་ལྟ་བུའོ། དེ་ནི་སྔར་གྱི་རྨང་གཞིའི་སྟེང་སྐབས་དེར་དམིགས་བསལ་ཉམས་མྱོང་དང་ཞིབ་འཇུག་མཛད་ནས་ལག་ལེན་ཕུན་སུམ་ཚོགས་སུ་ཕྱིན་པར་གོ་ཆོག་པ་ལས། འབུམ་བཞི་སོགས་སུ་མ་བསྟན་པའི་སྔར་མེད་གསར་དུ་མང་པོ་དེ་འདྲ་གཞི་ནས་དར་བ་བརྗོད་དཀའ་བར་སྣང་། བོད་ཀྱི་གསོ་རིག་ནང་མིག་ལ་ཐུར་མ་འཕེན་པའི་ལག་ལེན་གྱི་ནང་དོན་དེ་སྟག་རི་གཉན་གཟིགས་ལས་སྔ་བའི་གསོ་རིག་འབུམ་བཞི་སོགས་སུ་འཁོད་ནའང་། ལག་ལེན་གྱི་རྒྱུན་འཛིན་ལུགས་དང་དར་སྲོལ་དབང་གིས་འ་ཞའི་ཡུལ་དུ་ཆེད་ལས་ཀྱི་ལག་རྩལ་མཐོ་བའི་འཚོ་བྱེད་ཡོད་པ་བསྟན་པར་གོ་ཆོག་པ་ལས། འ་ཞ་ལ་མིག་ཐུར་འཕེན་པའི་ལག་ལེན་ཡོད་པ་ཙམ་གྱིས་བོད་ཡུལ་དབུས་ལ་སོགས་པར་མེད་པས་ཁྱབ་མི་ཐུབ་སྙམ། རྒྱུ་མཚན་དུས་ཕྱིས་བོད་ཉི་མ་ལྷ་སར་མཁའ་འགྲོ་དབྱངས་དགའ་སོགས་མིག་འབྱེད་ལག་རྩལ་ཡོད་པའི་སྨན་པ་ཡོད་ཀྱང་བལ་པོའི་ཡུལ་དུ་དེ་ལས་མཐོང་ཆེན་ཆེ་བ་དང་། ཕུལ་བྱུང་ལག་རྩལ་མི་སྣ་མང་བས་ཆེད་དུ་ཁུལ་དེ་དག་ནས་མཁས་དབང་མི་སྣ་ཚུར་གདན་འདྲེན་དང་ཕར་སློབ་སྦྱོང་ཞུ་རུ་ཕྱིན་ནས་མིག་འབྱེད་ལག་རྩལ་མཐོ་རུ་བཏང་བ་ལྟ་བུ་གོ་ཆོག་པར་སྙམ་མོ། །
༣) དྲི་བ། ཉམས་ཞིབ་པ་དང་གསོ་རིག་མཁས་པ་མང་པོས་འབུམ་བཞི་འདི་རྒྱུད་བཞིའི་མ་ཕྱི་ཡིན་པར་བཞེད་པ་དང་། འགའ་ཞིག་གིས་དེ་ལས་ལྡོག་སྟེ་འགྲེལ་བ་དང་། ཡང་འགའ་ཞིག་གིས་འབུམ་བཞི་འདི་ཉིད་གནའ་སྔོན་མ་ནས་བོད་མི་རང་གི་སྤྱི་ཚོགས་ཁྲོད་སྨན་དཔྱད་ལག་ཤེས་ཕྲན་བུ་ཡོད་པ་རྣམས་གཞི་ལ་བཞག་སྟེ། དེའི་སྟེང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཞུང་དང་། རྒྱ་ནག་གི་སོ་མ་རཱ་ཙའི་ལུགས་སོགས་ནས་སྙིང་བཅུད་བླངས་ཏེ་བསྡུ་བསྒྲིགས་བྱས་པ་ཞིག་ཡིན་སྲིད་པར་འདོད་མཁན་ཡོད་པ་ལྟར། སྐུ་ཉིད་ནས་འབུམ་བཞི་དང་རྒྱུད་བཞིའི་བར་དགོངས་ཚུལ་གང་ཡོད།
ལན། གསོ་རིག་འབུམ་བཞི་ནི་ཕྱྭ་གཤེན་ཐེག་པའི་ནང་གསེས་དཔྱད་དམ་སྨན་དཔྱད་ཀྱི་ཨ་མའམ་གསོ་བ་རིག་པའི་གཞུང་ལུགས་ཀྱི་གཞི་བཅོལ་ས་དེ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། དེའི་ནང་གི་གཉེན་པོ་སྨན་དང་གསོ་བྱ་ལུས། ཕྱི་རོལ་ཡུལ་སོགས་འབྱུང་བ་ལྔ་ལས་གྲུབ་པའི་ལྟ་བ་དེ་བོད་རང་གི་ལྟ་བ་རྣལ་མ་ལ་ངོས་འཛིན་བཞིན་ཡོད། སྨན་དང་གཏོ། རྩིས་སོགས་ཡུལ་ལུགས་སྦྱར་ཏེ་བཅོས་དགོས་པའི་སྐོར་དང་། ཁུ་བྱུག་དང་འཇོལ་མོ་སོགས་བྱ་རིགས་དང་། གླ་བ་དང་ཤ་བ་ཁ་ཤ་སོགས་རི་དྭགས་དང་། རྟ་ནོར་ལུག་གསུམ་སོགས་གཡུང་དྭགས་དང་། མོ་དང་པྲའི་ལག་ལེན་དང་། ཆུ་ཕྱྭ་ལས། དགྲ་ཕྱྭ། མགྲོན་ཕྱྭ། གྲོགས་ཕྱྭ་སོགས་མང་པོ་བརྟག་ཐབས་དང་། རྩ་ལ་དགྲ་རྩ། གྲོགས་རྩ། མ་བུ་གོ་ལྡོག་གི་རྩ། ཕོ་མོ་གོ་ལྡོག་གི་རྩ་སོགས་མང་པོ་བརྟག་ལུགས་འདི་དག་བོད་གདོད་མའི་ལུགས་སམ་བོན་ལུགས་དང་འབྲེལ་ཆེ་བ་ཤེས་དགོས། ད་དུང་སྨན་པ་རབ་ལ་རྩིས་པ་འབྲིང་ཟེར་བ་དང་། རྩིས་པ་རབ་ལ་སྨན་པ་འབྲིང་ཟེར་བའི་སྨན་རྩིས་གཉིས་ཡ་མ་བྲལ་བའི་ལག་ལེན་དམ་པོར་འཆང་བའང་བོད་གངས་ཅན་པའི་ལམ་ལུགས་སྲོལ་འཁྲུལ་མེད་དུ་འཁུམས།
སེམས་ཁམས་ལས་བྱུང་བའི་ནད་གཞི་གདོན་རིགས་ཀྱི་གཉེན་པོ་བླ་ན་མེད་པ་གཏོ་ཐབས་ ༣༦༠ ལྟ་བུའི་ལག་ལེན་སྐོར་ནས་འཁོད་པ་དེས་ཀྱང་བོད་ལུགས་གསོ་རིག་འདི་བོད་རང་གི་ཁམས་དང་མོས་པ་མཐུན་པའི་གསོ་རིག་ཞིག་གཏན་ལ་འབེབས་ཐུབ་སྙམ། འགའ་ཞིག་གིས་བོས་ཀྱི་གསོ་རིག་ནི་རྒྱ་གར་ཚེ་ཡི་རིག་བྱེད་ལས་བྱུང་བ་ལས་བོད་ལ་དེ་འདྲ་མེད་པར་སྨྲ་ནའང་། དོན་དངོས་རྒྱ་གར་ཚེ་ཡི་རིག་བྱེད་ལས་བོད་ལུགས་གསོ་རིག་བྱུང་བའི་ལོ་རྒྱུས་གསལ་པོ་མེད་ཅིང་མང་པོ་ཞིག་ནི་བོན་དང་འབྲེལ་བའི་གསོ་རིག་བྱུང་བ་དང་ལོ་རྒྱུས་འཆད་མ་འདོད་པར་དེ་ལྟར་ལབ་སྟངས་གསར་པ་ཞིག་བཟོས་པར་སྣང་། ཡན་ལག་བརྒྱད་པ་ལས་བཤད་རྒྱུད་སོགས་བྱུང་བར་འཆད་པ་ཡང་དོན་དུ་རྒྱ་གར་ཡན་ལག་བརྒྱད་པ་དང་། བོད་གངས་ཅན་པའི་ཡན་ལག་བརྒྱད་པ་གཉིས་ཡོངས་སུ་མཐུན་བསྡད་པ་ཞིག་མིན་པ་དང་། རྒྱ་གར་ནས་བྱུང་བར་འདོད་པའི་ཡན་ལག་བརྒྱད་པ་ནང་རྩམ་པ་སོགས་ཀྱི་ནང་དོན་འཁོད་པ་ལྟ་བུ་མཐུན་པའི་ཆ་ཤས་ལ་བལྟས་ན་མ་སུ་དང་བུ་སུ་ཡིན་ད་དུང་ཞིབ་འཇུག་གི་ལམ་ནས་དཔྱད་དགོས་པ་ལས། ཕྱོགས་དང་རིས་སུ་བཅད་ནས་ཐག་གཅོད་གཏོང་བར་དཀའ་ཁག་ཆེན་པོ་ཡོད་པ་མཁྱེན་དགོས་སྙམ། རྒྱ་ནག་གི་སོ་མ་རཱ་ཙའམ་སྨན་དཔྱད་ཟླ་བའི་རྒྱལ་པོ་བྱ་བ་ཧ་ཤང་མ་ཧ་དེ་བ་དང་བཻ་རོ་ཙ་ནས་བསྒྱུར་ནས་བོད་ལ་བྱུང་བར་བཤད་པ་དང་། བོད་ལུགས་གསོ་རིག་གི་ཁུངས་མང་པོ་ཞིག་དེ་ལ་ཐུག་པར་བཤད་ཀྱང་། དོན་དངོས་རྒྱ་ནག་ཏུ་སྨན་དཔྱད་ཟླ་རྒྱལ་བྱ་བ་བྱུང་བའི་ལོ་རྒྱུས་མི་གསལ་ལ་དཔེ་ཆ་དེ་འདྲའི་ཕྱི་མོ་ནི་མིག་སྟོང་བགྲད་ཀྱང་བཙལ་བས་རྙེད་མ་མྱོང་། དེས་ན་འཇམ་མགོན་སྨྲ་སེང་ཀོང་སྤྲུལ་པས་མཁས་མང་བགྲོས་པས་སོ་མ་རཱ་ཙ་བྱུང་གསུངས་པ་ལྟར་སྐབས་དེའི་ཕྱོགས་ཀུན་ནས་གཅེས་སུ་བཏུས་པའི་ལག་ལེན་གྱི་གཞི་འཛིན་སའི་ཟིན་ཏིག་རྩ་ཆེན་ཞིག་ཡིན་པ་ལས། དེ་ཉིད་རྒྱ་ནག་ནས་བྱུང་བའི་གཞུང་ལུགས་ཞིག་མིན་པར་རྟོགས། བྱུང་རིམ་གྱི་དབང་དུ་བྱས་ན་གསོ་རིག་འབུམ་བཞི་སོགས་ལ་བརྟེན་ནས་སོ་མ་རཱ་ཙ་བྱུང་བ་ལས་སོ་མ་རཱ་ཙ་ལ་བརྟེན་ནས་འབུམ་བཞི་སོགས་བྱུང་བར་མི་འདོད། ཁྲག་ཞམ། ཆུ་ཞམ་ཟེར་བའི་བརྡ་རྙིང་དང་། དམུ་ཐག་ལ་གཤེན་ཐག བན་བོན་སྐོར་གྱི་བརྡ་དང་ཐ་སྙད་མང་པོ་བཀོལ་ཡོད་པར་བལྟས་ན་ཧ་ཅང་སྔ་བའི་གསོ་རིག་དཔེ་རྙིང་ཞིག་ཡིན་པ་ཁ་ཚོན་གཅོད་ཐུབ་ནའང་གསོ་རིག་འབུམ་བཞི་ལས་སྔ་བའི་བྱུང་བ་མ་མཆིས་སྙམ། །
༤) དྲི་བ། ད་ལྟའི་ཆར་ང་ཚོས་མཇལ་ཡུལ་དུ་གྱུར་པའི་འབུམ་བཞི་སོགས་ཐུན་མོངས་མ་ཡིན་པའི་བོན་ལུགས་ཀྱི་གསོ་རིག་སྐོར་དཔེ་ཆ་ག་ཚོད་བཞུགས་ཡོད་དམ།
ལན། ཁོ་བོས་ད་བར་ཉམས་ཞིབ་བྱས་པ་བརྒྱུད། ཐུན་མོང་མ་ཡིན་པའི་བོན་ལུགས་གསོ་རིག་གཞུང་ཕྱྭ་གཤེན་ཐེག་པའི་བོན་སྒོ་དང་། གསོ་རིག་འབུམ་བཞི། དུག་བཅོས་གཡུང་དྲུང་འཁྱིལ་བ། བྱིས་པའི་རྣ་རྩ་བརྟག་ཐབས། དཔྱད་ཐབས་འཕྲུལ་སྡེ། རྣ་རྩ་ཕབས་པའི་ཡིག་ཆུང་། དཔྱད་བུའི་སྙིང་ཐིག་ལས་ཕྱུང་བའི་ཁ་ཚར་གྱི་སྡེ་སྣ་ཚོགས། སྲིའུ་གསོ་བའི་མན་ངག ཏུན་ཧོང་ནས་ཐོན་པའི་ཞང་ཞུང་སྐད་ཀྱི་གསོ་རིག་འདྲ་བཤུས། << ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་བདམས་བསྒྲིགས། >> མེ་བཙའི་བཅོས་ཐབས། << གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། >> སྨན་དཔྱད་གཅེས་པ་དྲུབ་པའམ་སྨན་དཔྱད་གཅེས་པ་གྲུབ་པ། སྨན་བོན་སྐོར་གྱི་ཡིག་ཆུང་<< འཕྲུལ་གྱི་ཐེ་གུ་དགུ་སྐོར། >> << རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས། >> << སྔགས་བོན་གཅེས་བཏུས་སྙིང་གི་ཐིག་ལེ། >> སོགས་བོན་དང་འབྲེལ་བའི་ད་ཡོད་གསོ་རིག་དཔེ་གཞུང་ཆེ་ཆུང་གྲངས ༥༠ ལ་ཉེ་བ་བཞུགས་ཡོད་པར་གསལ་ལ། ད་དུང་ཡང་དཔེ་རྙིང་གི་གསེབ་ནས་གསོ་རིག་དང་འབྲེལ་བའི་ནང་དོན་མང་ཙམ་རག་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ། ལྷག་པར་ཕྱྭ་གཤེན་ཐེག་པའི་ནང་དོན་ཧ་ཅང་རྒྱ་ཆེ་བས་དེ་དག་ལུས་སེམས་གསོ་ཞིང་འཕྲོད་པར་སྦྱར་བའི་ནང་དོན་དག་དག་ཡིན་པས་དཔྱད་གཞི་དང་བསྡུ་བསྒྲིགས་བྱ་བའི་ལས་ལ་འབད་ན་དེ་བས་མང་བའི་འབྲེལ་ཡོད་དཔེ་ཆ་ལག་ཏུ་སོན་ངེས་སྙམ། །
༥) དྲི་བ། དབུས་རྒྱལ་ཁབ་སྲིད་གཞུང་ནས་ད་ལྟའི་ཆར་བོད་ཀྱི་གསོ་རིག་ལ་མཐོང་ཆེན་དང་གསོ་རིག་མི་སྣ་གང་མང་གཅེས་སྐྱོང་གནང་བཞིན་ཡོད་པ་དང་། དེ་བཞིན་ཕྱི་ཡི་ཡུལ་གྲུ་ཁག་ཏུ་བོད་སྨན་གྱི་འགྲོ་དོན་རྒྱ་ཆེན་ཡོད་པ་འདི་དག་གི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ།
ལན། འདས་པའི་ལོ་བཅུ་ཕྲག་འགའི་རིང་ཀྲུང་གོ་ཚུད་པའི་འཛམ་གླིང་རྒྱལ་ཁབ་མང་པོས་ཕྱི་ལུགས་གསོ་རིག་གམ་དེང་རབས་གསོ་རིག་ལ་མཐོང་ཆེན་གནང་ནས་བོད་ལུགས་དང་ཀྲུང་ལུགས་གསོ་རིག་ལ་མཐོང་ཆེན་ལྟ་རྒྱུ་དེ་ཙམ་མ་འདང་ནས་ལུས་ཡོད། རིམ་བཞིན་མི་རྣམས་ཀྱི་བདེ་ཐང་གི་ལྟ་བ་ལ་འགྱུར་བ་ཐེབས་རྒྱུའི་འགོ་ཚུགས་ཏེ་རྫས་སྒྱུར་གྱི་དངོས་པོ་ལས་གྲུབ་པའི་སྨན་གྱི་ནུས་པ་མྱུར་ཡང་དེའི་ཞོར་སྐྱོན་ལ་ཞེད་ནས་དང་དོད་ཆུང་དུ་ཕྱིན་པ་དང་། དངོས་ཁམས་རིག་པའི་ལམ་ནས་གཏན་ལ་དབབས་པའི་བོད་ལུགས་དང་ཀྲུང་ལུགས་གསོ་རིག དེ་མིན་རྒྱུན་སྲོལ་གསོ་རིག་གི་གཉེན་པོ་དག་ནུས་པ་དལ་ཡང་ཞོར་སྐྱོན་ཆུང་ལ་ནད་ཀྱི་རྒྱུ་བཅོས་པར་ནུས་པ་ཁྱད་པར་ལྡན་པ་ལ་བརྟེན་ནས་དང་དོད་སླེབས་ཤུགས་ཆེ་རུ་ཕྱིན་ནས་ཡོད། ལྷག་དོན་རྒྱལ་ཁབ་དང་མི་རིགས་རང་གི་ས་དར་རྡོ་དར་གྱི་གསོ་རིག་ཐེ་བའི་རིག་གནས་ཡོངས་ལ་རྒྱབ་སྐྱོར་གྱི་ལམ་ནས་ཡར་རྒྱས་ཀྱི་འཁོར་ཡུག་ཡག་ཏུ་བཏང་བ་དང་། འགྲོ་གྲོན་ཡང་མང་དུ་བཏང་བ་མ་ཟད། བརྒྱུད་འཛིན་གྱི་མི་སྣ་གསོ་སྐྱོང་ཡང་གང་ལེགས་གནང་ཐུབ་ཡོད། འདི་དག་གནང་བ་བརྒྱུད་མི་རིགས་རང་གི་གསོ་རིག་སོགས་རིག་གནས་ཀྱི་བདག་དབང་གཞན་ལ་མི་འཆོར་བ་དང་། བདེ་ཐང་ལ་འགན་གང་ལེགས་འཁུར་ཐུབ་པ། ཐོན་ཁུངས་འཕྲོ་བརླག་མི་འགྲོ་བ། བརྒྱུད་འཛིན་བུ་སློབ་མང་ཙམ་གསོ་སྐྱོང་ཐུབ་པ། དེང་སྐབས་དུས་དང་བསྟུན་པའི་བདེ་ཐང་གི་དགོས་མཁོ་སྐོང་ཐུབ་པ། མིའི་རིགས་ལ་མཁོ་བའི་བདེ་ཐང་གི་ཤེས་བྱ་མང་པོ་ཞིག་འདོན་སྤྲོད་བཏུབ་པ་བཅས་བླ་ན་མེད་པའི་མཐུ་དང་སྟོབས། ཁྱད་བོན་བཅས་ཀྱིས་ཕྱི་ནང་གང་ས་ནས་ཀྱང་དང་དོད་དང་མཐོང་ཆེན་སླེབས་པའི་རྒྱུ་རྐྱེན་ཚང་ཡོད་པར་སེམས། །
གཞན་སྐུ་ཉིད་ནི་ཞང་བོད་སྨན་རྩིས་སོགས་ཀྱི་སྐོར་ཉམས་མྱོང་དང་མཁྱེན་རྒྱ་ཡོད་མཁན་ཞིག་ཡིན་རྩང་། ད་ལན་བཀའ་འདྲི་དང་འབྲེལ་མ་འོངས་རང་རིགས་གཞོན་སྐྱེས་ཚོས་ཞང་བོད་གསོ་བ་རིག་པ་འདི་ཉིད་དུས་དང་འཚམས་པའི་ལག་ལེན་དང་སྦྱོང་པ་ཞིག་གནང་དགོས་ན་ཐབས་ལམ་གང་འདྲ་ཡོད་མེད་སྐོར་སློབ་སྟོན་ཅུང་ཙམ་ཞིག་གནང་རོགས།
ལན། ༡) མུ་མཐུད་ནས་བོད་རང་ས་ནས་འཕྲོས་པའི་གསོ་རིག་བྱུང་རིམ་སྐོར་ནས་ཉམས་ཞིབ་གནད་འཕིགས་དང་གཏིང་ཟབ་ཡོང་བར་འབད་རྒྱུ་དང་། ༢) ད་ཐེངས་དཔེ་རྙིང་འཚོལ་བསྡུའི་ལས་ཀའི་རྨང་གཞི་སྟེང་མུ་མཐུད་འབྲེལ་ཡོད་དཔེ་དཀོན་རིགས་བསྡུ་རུབ་ཡོང་བར་ནུས་པ་བཏོན་ནས་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ། ༣) གསོ་བ་རིག་པའི་བརྒྱུད་རིམ་སྐོར་དཔེ་བསྡུར་དང་ཉམས་ཞིབ་བགྱིས་ཏེ་ཁ་ཇེ་གསལ་དང་གོ་བ་ཇེ་ལེགས་སུ་གཏོང་རྒྱུའི་འདུན་པ་བརྟན་པོ་ཡོད་དགོས་པ། ༤) ཞང་བོད་གསོ་བ་རིག་པའི་གཞུང་དང་ལག་ལེན་གཉིས་ཀ་ཟུང་དམ་པོ་འབྲེལ་བ་དང་། སྨན་དང་རྩིས་གཉིས་ཀ་ཟུང་དམ་པོར་འབྲེལ་བའི་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་ཐབས་ལ་འབད་ཅིང་དེ་དང་འབྲེལ་བའི་ཆེད་ལས་མི་སྣ་གསོ་སྐྱོང་བྱ་རྒྱུ་གལ་ཆེན་དུ་སྙམ། ༥) ཞང་བོད་སྨན་རྩིས་དང་ལྷག་ཏུ་གསོ་རིག་ལ་འབྲེལ་བ་ཡོད་པའི་མི་སྣ་ཡོངས་ཀྱི་ནུས་པ་མཉམ་དུ་སྤུངས་ཐུབ་པར་འབད་དེ་ཕྱོགས་ཡོངས་ནས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་ཕན་ཚུན་རམ་འདེགས་དང་ནུས་པ་ཆིག་སྒྲིལ་ཡོང་བའི་ཐད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དཔེ་རྙིང་བསྡུ་རུབ་ལས་ཀ་དང་འབྲེལ་བའི་ཡིག་ཚགས་བཟོ་བ། བརྡ་འཕྲིན་དུས་རབས་ཀྱི་མཐུན་རྐྱེན་སྤྱད་དེ་བདེན་དོན་དྲིལ་སྒྲོག་བྱེད་པ། ལྷག་ཏུ་ལྷག་བསམ་དང་སྐུལ་སློང་དག་པའི་ཉམས་ཞིབ་མི་སྣ་གང་མང་སྐྱེད་སྲིང་ཡོང་བར་འབད་དགོས་པ་བཅས་ཀྱི་བསམ་ཚུལ་དྲིས་པའི་ལན་དུ་མ་སྟོང་ཙམ་ཕུལ་བ་ཐ་ཚན་མུ་ཙུག་སྨར་རོ།། །།
བཀའ་དྲི་ཞུ་མཁན། བོན་གྱི་དྲིས་ལན་དྲ་མཛོད་ཀྱི་ལག་བསྟར་རྩོམ་སྒྲིག་པ་ཞང་ཚུལ་མི་ནས། །