ཚིག་ཉུང་དོན་ཚང་། །གོ་བདེ་གནད་ཁེལ། །
མཛད་པ་པོ། ༧རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན།
རྩོམ་ཡོང་ཁུངས་ཁྱུང་ཐོག་རྒོད་ཀྱི་སྐད་འཕྲིན།) རྗེ་མཉམ་མེད་པའི་ཞལ་ནས། བོན་གྱི་བྱུང་ཁུངས་ལ་ངག་འཁྱལ་གྱི་རྩོམ་པ་བྱས་ནས་བསྟན་བཅོས་སུ་སྒྲོ་བཏགས་པ་ལ་བརྟེན་ནས། ཁྱི་ཐོང་གི་ཟུག་ཆོམ་ལྟར་དུ་སྨྲ་བ་མང་མོད་ཀྱི། བདག་དང་བོན་གྱི་བྱུང་ཁུངས་ཚད་མར་སྨྲ་བའི་སྔུན་ངེས་པར་དུ་རྩོད་ནུས་སམ། མི་ནུས་ན་ངག་འཁྱལ་གྱི་བླུན་པོའི་མགོ་བསྐོར་བ་ལ་ཉེས་པ་ཡོད་མེད་སོམས་ཤིག བོན་གྱི་བྱམས་མ་ལས། མ་གཅིག་སྐུ་ཡི་ལམ་འབྲས་ཉིད་ནི། །མུ་སྟེགས་ཕ་རོལ་རྒོལ་བའི་གཤེད་མ།།ཞེས་
དང་། རྣམ་རྒྱལ་ལས། བདུད་དང་སྲིན་པོ་མུ་སྟེགས་ལ་སོགས་པ། །ལྟ་བ་ལོག་པར་ལྟ་བ་ཐམས་ཅད་ཀྱང་། །ཞེས་དང་། གསང་སྔགས་ལས། ལྟ་བ་ལོག་པ་མུ་སྟེགས་ཀྱི་ལྟ་བ་དང་། ཞེས་སོགས་བོན་ཕྱི་ནང་གང་ལས་ཀྱང་མུ་སྟེགས་སུན་འབྱིན་གྱི་དོན་གོ་བར་མཛོད་ཅིག གཞན་ཡང་བོན་པོས་བོན་ལ་མི་སྤྱོད་པ་ནི་སྨད་པར་འོས་ཏེ། མདོ་ལས། བོན་པོས་བོན་མི་སྤྱོད་པ་ནི་བདུད་ཀྱི་རིགས་ཡིན་ནོ། དེ་ལ་གཤེ་ཞིང་སྐུར་པ་བཏབ་ཀྱང་མི་འགལ་ལོ། །གསུངས་སོ། དེས་ན་ལོག་རྟོག་ཐེ་ཚོམ་སྤང་ལ་བོན་ལ་ཡིད་ཆེས་མཛོད་ཅིག དྲང་དོན་ལས། བསྟན་པའི་མཆོག་ཏུ་གྱུར་པ་གཡུང་དྲུང་གི་བོན་ལ་སྤྱོད་པར་གྱུར་ཅིག །ཅེས་སོགས་གསུངས་པ་བཞིན་ནོ། མདོར་ན་བོན་གྱི་གྲུབ་མཐའི་ལུགས་ལ། ཐམས་ཅད་མཁྱེན་པ་ཡོད་དེ། མཛོད་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཉིད་ཀྱི་མཚན་ཉིད་ནི། །ཀུན་གསལ་དོན་རྟོག་མཚན་ཉིད་འཛིན། །ཅེས་དང་། གབ་པ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས། །ཞེས་དང་། ཁམས་བརྒྱད་ལས། རྣམ་པ་ཐམས་ཅད་ཅིར་ཡང་མཁྱེན་པ་ཞེས་སོགས། གསུང་རབ་ཀུན་ནས་ཀུན་མཁྱེན་ཡོད་པར་གསུངས་སོ། །
རྗེ་ཡི་འདུལ་འགྲེལ་འཕྲུལ་སྒྲོན་ལས་ཁྱུང་ཐོག་རྒོད་ནས་ཟུར་དུ་ཕྱུང་པའོ།།