ཚད་མ་དྲུག་གི་སྐོར་དྲི་བ།
རྩོམ་བྲིས་པ། ཞང་ཚུལ་མི་སོགས། དྲི་བ་གཏོང་མཁན། ཁྱུང་གསེར་ཞུན།
དྲི་བ། ནང་རྒྱུད་ཅེས་པ་དང་། གསང་ཐུས་ཐིག་ལེ་བཀོད་པ་སོགས་དཔེ་ཆ་འགའ་ལས། ཚད་མ་གསུམ་གྱིས་མ་མཚོན་ན། །གྲི་མེད་གཡག་རོ་བཤའ་བ་འདྲ། །ཞེས་དང་། ཡང་། ཚད་མ་དྲུག་གིས་མ་མཚོན་ན། །གྲི་མེད་གཡག་རོ་བཤའ་བ་འདྲ། །ཞེས་པ་དང་། ཡང་། ཚད་མ་དྲུག་གིས་མི་འཇལ་ན། །གྲི་མེད་གཡག་རོ་བཤའ་བ་འདྲ། །ཞེས་སོགས་མི་འདྲ་འགའ་འདུག་པས་དོན་དམ་ཚད་མ་དྲུག་དེ་གང་ཡིན་ནམ།
ལན། ཚད་མ་གསུམ་དང་དྲུག་གི་སྐོར་ལ། བོད་གནའ་རབས་ཀྱི་མཁས་པ་དག་གི་ཚད་མའི་ངོ་བོ་ནི་”མི་བསླུ་བའི་བོན་”དེ་བཞག་ནས་དེ་ལ་རྣམ་གྲངས་དྲུག་དང་གསུམ་བཅས་མི་འདྲ་བ་དབྱེ་སྲོལ་ཡོད། དུས་རབས་བཅུ་བཞི་པའི་ནང་སྐོར་ནས་ཚད་མ་ཡིན་ན་བློ་ཡིན་པས་ཁྱབ་པ་སྨྲས་ཏེ། བོད་དུ་ཚད་མའི་སྐོར་ནས་དམིགས་ཁས་ལན་གསར་པ་ཞིག་བྱུང་བ་རེད། དེ་ནི་འདིར་བཤད་བྱ་མིན་ཀྱང་ཟུར་འཕྲོས་ཙམ་ཞིག འགྲོ་མགོན་ཚད་མ་ལས་ནང་རྒྱུད་ལུང་དྲངས་ནས་ཚད་མ་དྲུག་དགོས་ཚུལ་གསལ་ཡོད། འོན་ཀྱང་ནང་རྒྱུད་ཞེས་པའི་དཔེ་ཆའི་ནང་དུ་ཚད་མ་དྲུག་རེ་རེ་ནས་དངོས་འཛིན་གནང་མེད། མདོར་ན་ཚད་དྲུག་དང་གསུམ་བཅས་ཀྱི་སྐོར་ཚད་ལྡན་བོན་གྱི་ཡིག་རྙིང་ཁག་ནས་གསལ་བ་གཤམ་དུ་རིམ་བཞིན་ཚན་བཤུས་བྱེད་ཀྱི། མདོ་གཟེར་མིག་ལས་”ཟུང་འབྲེལ་གྱི་ཚད་མ་གསུམ་ནི། སྟོན་པའི་ལུང་ཚད་མ་དང་གཅིག སློབ་དཔོན་གྱི་བཀའ་ཚད་མ་དང་གཉིས། རང་གི་རིག་པ་ཚད་མ་དང་གསུམ་མོ”ཞེས་ཚད་མ་གསུམ་བསྟན་པ་དང་། ཡང་དེ་ཉིད་ལས་”དེ་ལ་ཚད་མ་གསུམ་ལ་ཟུང་དུ་འབྲེལ་བ་ནི་ལུང་གི་ནང་ནས་གཏན་ཚིགས་ཚད་མ་འབྱུང་ངོ་། བཀའ་ཡི་ནང་ནས་མན་ངག་གི་ཚད་མ་འབྱུང་ངོ་། རིག་པའི་ནང་ནས་རིག་པ་ཚད་མ་འབྱུང་ངོ་ཞེས་མཐར་ཚད་མ་ལ་ཟུང་གསུམ་ཡ་དྲུག་ཏུ་བསྟན་པ་དང་། དྲན་པའི་རྣམ་འབྱེད་འབྲུལ་ལྡེ་ལས། “བཀའ་ལུང་རིག་པའི་ཚད་མ་ཡང་། དེ་མ་ཡིན་གྱི་མི་གྱི་མི་བསླུ་ཞིང་”། ཞེས་བཀའ་ཚད་མ་དང་ལུང་ཚད་མ་རིག་པ་ཚད་མ་དང་གསུམ་བསྟན་པ་དང་། མན་ངག་ལུང་གི་ཚད་ལས། “སྐྱེས་བུ་མི་བསླུ་མ་འཁྲུལ་བ། མངོན་སུམ་པ་དང་རྗེས་སུ་དཔག”། ཞེས་པས་སྐྱེས་བུ་ཚད་མ་དང་། མངོན་སུམ་ཚད་མ་རྗེས་དཔག་ཚད་མ་བཅས་ཚད་མ་རིགས་གསུམ་བསྟན་ཡོད། གོང་གསལ་མདོ་ལུང་གིས་ཚད་མ་དྲུག་བསྟན་པ་དང་ལུང་ཕྱི་མ་གཉིས་པོས་ཚད་མ་གསུམ་བསྟན་འདུག་སྟབས་ཁར་རྩང་གོང་དུ་དྲིས་པའི་ཚད་མ་གསུམ་དང་དྲུག་ནི་དེ་དག་ལ་ངོས་འཛིན་དགོས་པར་སྣང་། འགྲོ་མགོན་གྱིས་ཚད་མའི་སྐོར་དེ་ཕུགས་བཅོལ་ས་ནི། གཟེར་མིག་དང་། རྣམ་འབྱེད་འཕྲུལ་ལྡེ། མན་ངག་ལུང་གི་ཚད་མ་བཅས་རེད།།