ཚད་གསུམ་ཟུང་འབྲེལ་སྐོར་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་བཅུ་གཅིག་པ། 14, 2017
རྩོམ་པ་པོ། མཐའ་ཞུ་འོད་ཟེར་མཐའ་རྒྱས་རིན་པོ་ཆེ།
མདོའི་ཚད་མ་དྲུག་ནི། ཁ་སེང་ཕྲན་ལ་ཚད་མ་དྲུག་གང་ཡིན་དྲི་མཁན་ཞིག་ལ་ལན་དུས་ཐོག་ཏུ་འབུལ་མ་ཐུབ་པར་ལུས། ཡིན་ནའང་ད་ཐེངས་དུས་ཚོད་དང་བསྟུན་ཏེ་ཕྲན་གྱིས་ཚད་མ་དྲུག་གི་སྐོར་ལ་བསམ་ཚུལ་ཞིག་ཞུ་ན་འདོད། དེ་ཡང་ང་ཚོས་ནམ་རྒྱུན་ཚད་གསུམ་ཟུང་འབྲེལ་ཞེས་ཟེར་བ་དེ་རང་ལས་ཚད་མ་དྲུག་གི་གོ་དོན་བསྟན་འདུག་དྲན།
དེ་ཡང་ཚད་མ་གསུམ་ནི། རྒྱལ་བའི་བཀའ་ཚད་མ་དང་གཅིག འཕགས་པའི་ལུང་ཚད་མ་དང་གཉིས། རང་གི་རིག་པ་ཚད་མ་དང་གསུམ་ལ། ཟུང་འབྲེལ་ཞེས་པ་ནི་དེ་གསུམ་རེ་རེ་ལ་ཟུང་རེ་འབྲེལ་བར་འབྱུང་བ་སྟེ། བཀའ་ཚད་མ་དང་མན་ངག་ཚད་མ་གཉིས་ཟུང་འབྲེལ་དང་། ལུང་ཚད་མ་དང་གཏན་ཚིག་ཚད་མ་གཉིས་ཟུང་འབྲེལ། ཚད་མ་དེ་དག་ལ་རྟེན་ནས་སེམས་ཉིད་ཀྱི་ངོ་བོའམ་གནས་ལུགས་རྟོགས་ཤིང་གཏན་ལ་ཕབ་པའི་རིག་པ་ཤར་བ་དེར་རིག་པ་ཚད་མ་དང་། དེ་ལ་བརྟེན་ནས་ཕྲ་ཞིབ་དཔྱོད་པའི་བློ་དེར་རིག་པ་ཚད་མའམ་སྐྱེས་བུ་ཚད་མར་ངོས་འཛིན་འོས་སྙམ་ལ། ཡང་ན་རྟོགས་བྱེད་ཀྱི་ཕྲ་བའི་བློ་གང་ཞིག་གིས་གཞལ་བྱ་རྟོགས་པའི་སུམ་ལྡན་དེར་རིག་པ་ཚད་མའོ།
དེ་ལ་རིག་པའི་ནང་ནས་རིག་པ་ཚད་མ་འབྱུང་བའམ་ཟུང་དུ་འབྲེལ་བའི་ཐ་སྙེད་བྱེད་དོ། དེ་ལ་ནང་གསེས་སུ་དབྱེ་ན་མངོན་རྗེས་གཉིས་སོ། མདོ་ལས་ཟུང་དུ་འབྲེལ་བའི་ཚད་མ་གསུམ་ཞེས་འབྱུང་བ་ལྟར་ཚད་མ་ཟུང་གསུམ་སོ་སོར་ཕྱེས་པ་ལས་ཚད་མ་ཡ་དྲུག་གམ་ཚད་མ་དྲུག་ཅེས་པའི་ཐ་སྙད་དེ་བྱུང་བར་སྙམ་ལ། ཚད་གསུམ་ཟུང་འབྲེལ་ཞེས་པ་ནི། བཀའ་ལུང་རིག་པ་ཚད་མ་གསུམ། གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཆགས་པ་དེར་འགའ་ཞིག་གིས་ངོས་འཛིན་ནའང་། དེ་ལྟར་ན་ཚད་གསུམ་ཟུང་འབྲེལ་ལམ། ཟུང་དུ་འབྲེལ་བའི་ཚད་མ་གསུམ་ཟེར་མི་འོས་སྙམ། ཟུང་འབྲེལ་ཞེས་པ་ནི་གཉིས་རེ་འབྲེལ་བ་ལ་ཟེར་བ་ལས་གསུམ་འབྲེལ་བ་ལ་ཟེར་སྲོལ་མེད་པའི་ནའོ། །
དེ་དག་གི་ལུང་ནི། མདོ་གཟེར་མིག་ལེའུ་བརྒྱད་པ་ལས། “ དེ་ལ་ཡང་གཏོ་བུས་གསོལ་བ། སྟོན་པ་ལགས། སྟོན་པའི་བཀའ་ལུང་བདུད་རྩི་ཆེན་པོ་དེས། སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་གཏན་སྤངས་ནས། གདགས་པ་ཆེན་པོར་འགྱུར་བར་ངེས་ལགས་ན། དོན་ལ་ཐོག་ཏུ་དབབ་པའི་དྲོད་ཚད་གཅིག བདག་ཅག་རྣམས་ལ་སྟོན་པས་བཤད་པར་ཞུ། དེ་སྐད་ཅེས་གཏོ་བུས་གསོལ་ཏོ། །གཤེན་རབ་ཀྱིས་བཀའ་བརྩལ་པ།། གདགས་པ་ཆེན་པོའི་ཡེ་ཤེས་སྐྱེ་བའི་དྲོད་ཚད་ནི། ཟུང་འབྲེལ་ཚད་མ་གསུམ་དང་། དོ་མཉམ་བདེན་པ་གཉིས་ལས་བྱུང་བའོ། །དེ་སྐད་ཅེས་སྟོན་པའི་བཀའ་བརྩལ་ཏོ། །དེ་ཡང་གཏོ་བུས་གསོལ་བ། སྟོན་པ་ལགས་ཟུང་འབྲེལ་ཚད་མ་གསུམ་དང་། དོ་མཉམ་བདེན་པ་གཉིས་སུ། གདགས་པ་ཆེན་པོ་སྐྱེ་བའི་ཡེ་ཤེས་། ཐོག་ཏུ་ཕེབས་པའི་དྲོད་ཚད་བྱུང་ན། འཁོར་དུ་གྱུར་པ་བདག་ཅག་ད་རུང་ཤེས་པ་རྨོངས། ཟུང་འབྲེལ་ཚད་མ་གསུམ་དང་དོ་མཉམ་བདེན་པ་གཉིས། གང་དང་གང་ལ་འདོགས་པ་སྟོན་པས་བཤད་པར་ཞུ། དེ་སྐད་ཅེས་གཏོ་བུས་གསོལ་ཏོ། །གཤེན་རབ་ཀྱིས་བཀའ་བརྩལ་པ་། ཟུང་འབྲེལ་གྱི་ཚད་མ་གསུམ་ནི། སྟོན་པའི་ལུང་ཚད་མ་དང་གཅིག སློབ་དཔོན་གྱི་བཀའ་ཚད་མ་དང་གཉིས། རང་གི་རིག་པ་ཚད་པ་དང་གསུམ་མོ། དོ་མཉམ་བདེན་པ་གཉིས་ནི། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་སོ། དེ་ལ་ཚད་མ་གསུམ་ཟུང་དུ་འབྲེལ་པ་ནི། ལུང་གི་ནང་ནས་གཏན་ཚིགས་ཀྱི་ཚད་མ་འབྱུང་ངོ་། །བཀའ་ཡི་ནང་ནས་མན་ངག་གི་ཚད་མ་འབྱུང་ངོ་། །རིག་པའི་ནང་ནས་རིག་པ་ཚད་མ་འབྱུང་ངོ་། །
དེ་ལ་བདེན་པ་གཉིས་དོ་རུ་མཉམ་པ་ནི། དོན་དམ་གཡུང་དྲུང་ཀློང་དུ་བདེན་པ་དང་། ཀུན་རྫོབ་མཚན་མ་དངོས་པོར་བདེན་པའོ། དེ་རྣམས་གཏན་ལ་དབབ་ཐབས་འདི་ལྟར་རོ། ལུང་ཚད་མ་ཞེས་བྱ་བ་ནི། སྔོན་གྱི་སྟོན་པ་ཇི་སྙེད་ནས། ད་ལྟ་གཤེན་རབ་བདག་ཉིད་ཡན་ཆད་ཀྱིས། ཞལ་ནས་གསུངས་པའི་ལུང་འདི། ངེས་པར་མི་ནོར་བཙན་པར་གཟུངས་སུ་ཟུངས། བཀའ་ཡི་ཚད་མ་ཞེས་བྱ་བ་ནི། གང་ཟག་སྦྱངས་པའི་འཕྲོ་ཅན་ཤེས་རབ་ཟབ་མོས་བསྟན་པའོ།། རིག་པ་ཚད་མ་ཞེས་བྱ་བ་ནི། རང་ལ་ཡེ་ནས་ལྷན་ཅིག་སྐྱེས་པའི་རིག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་བྱ་བ་གཉིས། ཀུན་གཞི་ལ་ཡེ་ནས་སེམས་ཅན་ཐམས་ཅད་ལ་གནས་ཏེ། དགེ་བའི་ཕྱོགས་སུ་དད་བསྐྱེད་གཡུང་དྲུང་བོན་སྦྱངས་རྣམས། མ་རིག་ཆ་བྲི་རིག་པ་ཆ་རགས་རྣམས་ཉིད་དོ། །དེ་ལ་ལུང་གི་གཏན་ཚིག་དང་གཅིག བཀའ་ཡི་མན་ངག་དང་གཉིས། རང་གི་རིག་པ་གསུམ་དུ་འཛོམས་ན། གདགས་པ་ཆེན་པོའི་ཡེ་ཤེས་དྲོད་ཚད་ཐོག་ཏུ་ཕེབས་པའོ། །དེ་ལ་ཡང་བདེན་པ་གཉིས་ལ། དཀར་ནག་སྒྲིལ་མ་བཞིན་དུ་ཤེས་བྱ་ཤིན་ཏུ་གཅེས་པའོ། །དེ་སྐད་ཅེས་སྟོན་པའི་བཀའ་བརྩལ་ཏོ། །དེ་ལ་ཡང་གཏོ་བུས་གསོལ་བ། སྟོན་པ་ལགས། ཟུང་དུ་འབྲེལ་བའི་ཚད་མ་གསུམ་དང་། དོ་རུ་མཉམ་པའི་བདེན་པ་གཉིས་ཏེ་ལྔ་དང་མ་འབྲེལ་བར་གདགས་པ་ཆེན་པོའི་ཡེ་ཤེས་བསྐྱེད་ན་ཐོག་ཏུ་ཕེབས་པའི་དྲོད་ཚད་མཆིས་པ་ལགས་སམ། དེ་ལྔ་དང་ནི་འབྲེལ་བའི་གང་ཟག་ཤིན་ཏུ་ཉུང་སྟེ་མཆིས་ན། དེ་སྐད་ཅེས་གཏོ་བུས་གསོལ་ཏོ། །གཤེན་རབ་ཀྱིས་བཀའ་བརྕལ་པ། གཏོ་བུས་ཞུས་སམ་གསོལ་བ་དེ་ནི་ཤིན་ཏུ་ཡང་ལེགས་ཏེ། ཟུང་དུ་འབྲེལ་བའི་ཚད་མ་གསུམ་མ་མཐུན་ན། སྟོན་པའི་བཀའ་མིན་ནོ། །
དོ་རུ་མཉམ་པའི་བདེན་པ་གཉིས་མ་འགོགས་ན། གཡུང་དྲུང་གི་བོན་མིན་ནོ། །དེ་ལྔ་དང་ནི་ལྡན་པའི་གང་ཟག་རབ་ཏུ་ཉུང་། དེ་བས་འཁོར་བ་མང་ལ་ཐར་པ་ཉུང་བའོ། །དཀའ་བ་སྣ་ཚོགས་སྤྱོད་ལ་དེ་ལྔ་དང་ནི་རབ་ཏུ་འབྲེལ་བར་བསྒྲུབ། ནམ་ཞིག་དང་དུ་ལོན་པའི་དུས་སུ། གདགས་པ་ཆེན་པོའི་ཡེ་ཤེས་སྐྱེ་བའོ། དེ་སྐད་ཅེས་སྟོན་པས་བཀའ་བརྩལ་ཏོ། ། ” ཞེས་པས།
ལུང་ལས་གསལ་བ་ལྟར་ཚད་མ་དྲུག་ནི། གོང་གི་ལུང་ལས་གསལ་བར་གསུངས་འདུག་སྟེ། “ སྟོན་པའི་ལུང་ཚད་མ་དང་གཅིག སློབ་དཔོན་གྱི་བཀའ་ཚད་མ་དང་གཉིས། རང་གི་རིག་པ་ཚད་པ་དང་གསུམ་མོ། ། ” ཞེས་དང་། “ ལུང་གི་ནང་ནས་གཏན་ཚིགས་ཀྱི་ཚད་མ་འབྱུང་ངོ་། ། ” ཞེས་གཏན་ཚིགས་ཚད་མ་ཞེས་དངོས་སུ་ལུང་ཚད་མ་ལས་བྱུང་བར་ཚིག་ཟིན་ལྟར། གཏན་ཚིག་ཚད་མ་དང་བཞི། ཡང་། “ བཀའ་ཡི་ནང་ནས་མན་ངག་གི་ཚད་མ་འབྱུང་ངོ་། ། ” ཞེས་པ་ལྟར་མན་ངག་ཚད་མ་དང་ལྔ། “ རིག་པའི་ནང་ནས་རིག་པ་ཚད་མ་འབྱུང་ངོ་། ། ” ཞེས་པ་ལྟར། རིག་པ་ཚད་མ་དང་དྲུག་གོ །
དེ་ཡང་རིག་པ་ཚད་མ་དེ་ལ་ནང་གསེས་ཀྱི་དབྱེ་བ་ནི། འགྲོ་མགོན་ཚད་མ་ལེའུ་གཉིས་པ་ལས། “ རིག་པ་ཚད་མ་ཙམ་གཞིར་བྱས་ལ། རྟོགས་པར་བྱ་བའི་ཡུལ་མངོན་གྱུར་ལྐོག་གྱུར་གཉིས་སུ་ངེས་པས། དེ་ལ་ལྟོས་ནས་མངོན་སུམ་རྗེས་དཔག་ཕྱེའོ། །ཡང་ན་བློ་རང་གི་ངོ་བོ་རྟོག་པ་དང་བྲལ་མ་བྲལ་གཉིས་སམ། སྣང་ཞེན་གཉིས་ལ་ལྟོས་ནས། ཚད་མ་གཉིས་སུ་ཕྱེའོ། ། ” ཞེས་པ་ལྟར་མངོན་རྗེས་གཉིས་སོགས་ནི། རིག་པ་ཚད་མ་ལས་མ་འདས་སོ། །ད་རུང་ཞིབ་ཏུ་འགྲོ་མགོན་ཚད་མ་ལེའུ་གཉིས་པ་གསུམ་པ་བཞི་པ་སོགས་དང་། འགྲོ་མགོན་མཛོད་འགྲེལ་སོགས་ལས་གསལ་ཏེ། དཔེར་མཚོན་ཙམ་དྲངས་ན། “ གཉིས་པ་འཇལ་བྱེད་བློ་ཡི་རང་བཞིན་ལ་གསུམ་སྟེ། བཀའ་ཚད་མ་དང་། ལུང་ཚད་མ་དང་། རིག་པ་ཚད་མའོ། །དང་པོ་ལ་བཀའ་ནི་སངས་རྒྱས་ཉེས་པ་ཟད་པས་གསུངས་པ་ཡིན་ལ། དེ་ལས་མན་ངག་ཚད་མ་འབྱུང་བས་བཀའ་དོན་གཏན་ལ་འབེབས་པའོ། །
གཉིས་པ་ལ་ལུང་ནི། སངས་རྒྱས་ཀྱིས་གསུངས་ཞིང་ངེས་པའི་གནས་སུ་བྱུང་བ་ལ། དེ་ལས་ཀྱང་གཏན་ཚིག་ཀྱི་ཚད་མ་འབྱུང་བས་དྲངས་ན་རང་ཚིམ་ཞིང་ཕ་རོལ་གྱི་ཐེ་ཚོམ་བཟློག་པའོ། །
གསུམ་པ་ལ། རིག་པ་འཁྲུལ་མེད་རྡིང་འགྱུར་གྱིས་གཏན་ལ་འབེབས་ཏེ། དེ་ལས་ཀྱང་རིག་པའི་ཚད་མ་འབྱུང་བས། མངོན་གྱུར་ལྐོག་གྱུར་གཏན་ལ་འབེབས་པ་ལ། མངོན་སུམ་དང་རྗེས་སུ་དཔག་པས་གཏན་ལ་འབེབས་སོ། ། ” ཡང་འགྲོ་མགོན་མཛོད་འགྲེལ་ལས། “ བཤད་གཞི་དོ་མཉམ་གྱིས་བདེན་པ་གཉིས་ལ། འཆད་བྱེད་ཟུང་འབྲེལ་གྱིས་ཚད་མ་གསུམ་ལ་བརྟེན་ནས་འཆད་དེ། བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན། ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན། ཞེས་གསུངས་པའི་དོན་ལ། བདེན་གཉིས་འོག་ནས་འཆད་ལ། འདིར་ཚད་མ་གསུམ་ལ་བརྟེན་ཏེ་འཆད་ན་གསུམ་སྟེ། ཚད་མ་གསུམ་ལ་བརྟེན་དགོས་པའི་རྒྱུ་མཚན་དང་། ཚད་མ་གསུམ་གྱི་རང་བཞིན་ངེས་པར་བྱ་བ་དང་། གང་ལ་བརྟེན་ནས་ཇི་ལྟར་བཤད་པའོ། ། དང་པོ་ལ། སྔོན་གྱི་སྟོན་པ་ཇི་སྙེད་མན་ཆད་ནས། ད་ལྟའི་སྟོན་པ་བདག་ཉིད་ཡན་ཆད་དུ། ལུང་འདི་མ་ནོར་ངེས་པས་ཟུངས་སུ་བཟུང་། ཞེས་ལུང་དང་། གང་ཟག་སྦྱངས་པའི་འཕྲོ་ཅན་ཤེས་རབ་ཟབ་མོས་གསུངས་པས་བཀའ། ཞེས་དང་། མཁས་པ་ཆེན་པོ་གཞན་དག་གི་ཞལ་ནས་དེ་སྐད་གསུངས། ཞེས་དང་། དཔོན་གསས་བླ་མའི་བཀའ་ཞེས་པའི་བཀའ་དང་། མ་རིག་པ་ཆ་བྲི་རིག་པ་ཆ་རགས་སུ་གྱུར་པས་ཚད་མ་ཞེས་དང་། དཀྱུས་ལས་མེད་པ་རིག་པ་ལས་བྱུང་བས་ཞེས་རིག་པའོ། །
གཉིས་པ་ལུང་ཚད་མ་ནི། སངས་རྒྱས་ཀྱིས་གསུངས་པ་མི་བསླུ་བ་དང་། བཀའ་ནི་གང་ཟག་སྦྱངས་པའི་འཕྲོ་ཅན་གྱིས་གསུངས་པ་མི་བསླུ་བ་དང་། རིག་པ་ནི། མ་རིག་པ་ཆ་བྲི་རིག་པ་ཆ་རགས་སུ་གྱུར་པས་མི་བསླུ་བ་སྟེ། དེ་ཡང་ལུང་ལས་གཏན་ཚིགས་དང་། བཀའ་ལས་མན་ངག་དང་། རིག་པ་ལས་རིག་པ་འབྱུང་བ་སྟེ། ལུང་ལས་གཏན་ཚིགས་ཀྱི་ཚད་མ་འབྱུང་། ཞེས་སོ། དེས་ན་གཏན་ཚིགས་ཀྱིས་ཚིགས་སུ་ཆེ་ཞིང་ལ་གཅོད་ལ། མན་ངག་གིས་ངེས་དོན་གསལ་བར་ཚེགས་ཆུང་སྟོན་པ་དང་། རིག་པས་ནི། རིག་པ་རྡིང་གྱུར་དུ་སྟོན་པས་ཏེ། དེ་ལས་ཕྱེ་ནས་མངོན་འགྱུར་རྟོགས་པ་མངོན་སུམ་དང་། ལྐོག་གྱུར་རྟོགས་པ་རྗེས་དཔག་སྟེ། མངོན་སུམ་ཡུལ་ལ་བྱེ་བྲག་འབྱེད་པ་ཡིས། ལྐོག་གྱུར་རྗེས་སུ་དཔག་པས་དོན་ལ་སྤྱད། །ཅེས་རྒྱུད་ལས་གསུངས་སོ། །
དེ་དག་གིས་གཏན་ལ་འབེབས་ལུགས་ནི། ལུང་གི་གཏན་ཚིགས་རྒྱས་ལ། དེའི་བཀའི་མན་ངག་ཐོབ་ཅིང་དེ་རིག་པས་རིག་པ་རྡིང་གྱུར་རྟོགས་པར་བྱེད་པའོ། ། ” ཞེས་པ་སོགས་སོ། །
ད་རུང་སྨན་རིའི་མཁན་ཆེན་ཀུན་བཟང་རྒྱལ་མཚན་གྱིས་མཛད་པའི། ཀློང་རྒྱས་འགྲེལ་པ་ལས་ཀྱང་ཞིབ་དུ་གསུངས་འདུག་གོ མདོར་ན་ཚད་གསུམ་ཟུང་འབྲེལ་ཞེས་ང་ཚོས་དུས་རྒྱུན་ཁ་ནས་ལབ་བཞིན་པ་དེར་གཞིགས་ནས་འགྲེལ་བ་ཞིག་གནང་དང་། ཚད་གསུམ་ཞེས་པ་ནི། ཚད་མ་གསུམ་དང་། ཟུང་འབྲེལ་ཞེས་པ་གཉིས་རེའམ། ཆ་རེ་ལ་གོ་བ་མཁྱེན་གསལ་ལྟར་དང་། ཚད་མ་གསུམ་ལ་ཟུང་རེའམ་ཆ་རེ་རྩིས་པས་དྲུག་ཡིན་པ་འདི་ལྟར་ཐད་ཀར་འགྲེལ་འོས་སམ་སྙམ་པ་ལགས་སོ།། །།
ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ་ཕྱི་ལོ་ ༢༠༡༧།༡༡།༡༡། ཉིན།། །།