ཚད་གསུམ་ཟུང་འབྲེལ་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ་མོ་ལ་དགའ་པོ།
དྲི་བ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མ་ཀུན་བཏུས་ལེའུ་དང་པོའི་ནང་། “ ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན། བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན། ” ཞེས་མདོ་ལས་ལུང་དྲངས་བར་གསུངས་པ་དེ་དང་། མདོ་ཟེར་མིག་གཤེན་རབ་ཀྱི་སྲས་སྤྲུལ་པའི་ལེའུ་བརྒྱད་པའི་ནང་། “ ཟུང་དུ་འབྲེལ་བའི་ཚད་མ་གསུམ་མ་མཐུན་ན་སྟོན་པའི་བཀའ་མིན། དོ་རུ་མཉམ་པའི་བདེན་པ་གཉིས་མ་འགོགས་ན་གཡུང་དྲུང་གི་བོན་མིན། ” ཞེས་གསུངས་པའི་ལུང་ཚིག་འདི་གཉིས་ལ་འགྲེལ་བཤད་ག་འདྲ་ཞིག་རྒྱག་དགོས་སམ།
ལན། འདི་སྐབས་ཚད་མ་གསུམ་གསུངས་པ་ནི། བཀའ་ཚད་མ་དང་། ལུང་ཚད་མ། རིག་པ་ཚད་མ་གསུམ་ལ་འཇོག་དགོས་པར་གསུངས། དེའང་ཚད་གསུམ་ཟུང་དུ་འབྲེལ་དགོས་པའི་རྒྱུ་མཚན་ཁ་གསལ་ལམ་འགྲེལ་བཤད་ནི་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་ཉིད་ཀྱི་མཛོད་རང་དུ་ཧ་ལས་པའི་གོ་བདེར་འགྲེལ་འདུག་པས་དེ་ལས་ལྷག་ཙམ་ཞིག་གུས་པས་ཤེས་མ་སོང་། དེའང་འགྲོ་མགོན་བློ་གྲོས་ཉིད་ཀྱིས་(སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ་) ལས། “ དེ་ཡང་ལུང་ལས་གཏན་ཚིགས་དང་། བཀའ་ལས་མན་ངག་དང་། རིག་པ་ལས་རིག་པ་འབྱུང་བ་སྟེ། ལུང་ལས་གཏན་ཚིགས་ཀྱི་ཚད་མ་འབྱུང་། ཞེས་སོ། །དེས་ན་གཏན་ཚིགས་ཀྱིས་ཚེགས་སུ་ཆེ་ཞིང་ལ་གཅོད་ལ། མན་ངག་གིས་ངེས་དོན་གསལ་བར་ཚེགས་ཆུང་སྟོན་པ་དང་། རིག་པས་ནི་རིག་པ་རྡེང་གྱུར་དུ་སྟོན་པས་ཏེ། དེ་ལས་ཕྱེ་ནས་མངོན་འགྱུར་རྟོགས་པ་མངོན་སུམ་དང་། ལྐོག་གྱུར་རྟོགས་པ་རྗེས་དཔག་སྟེ། མངོན་སུམ་ཡུལ་ལ་བྱེ་བྲག་འབྱེད་པ་ཡིས། །ལྐོག་གྱུར་རྗེས་སུ་དཔག་པས་དོན་ལ་སྤྱད། །ཅེས་ལས་རྒྱུད་ལས་གསུངས་སོ། །” ཞེས་དང་།
ཡང་དེ་བཞིན་བདེན་གཉིས་དོ་རུ་མཉམ་ཚུལ་སྐབས་སུ གོང་སྨྲས་མཛོད་ལས། “ བོན་ཐམས་ཅད་ཀྱི་རྩ་བ་བདེན་པ་གཉིས་སུ་འདུས་པས་ཏེ། བོན་ཐམས་ཅད་བདེན་པ་གཉིས་སུ་འདུས་པར་བཤད་ཀྱིས་ཞེས་དང་། བོན་ཐམས་ཅད་ཀྱི་རྩ་བ་བདེན་པ་གཉིས་སུ་འདུས། ཞེས་དང་། བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན། ཞེས་དང་། བདེན་གཉིས་གཞལ་བྱར་མི་འཇོག་ན། །འབེན་མེད་མདའ་ཉེ་འཇལ་བ་འདྲ། །ཞེས་གསུངས་སོ། ། ” ཞེས་སོགས་ཀྱིས་ཁ་གསལ་པོར་བསྟན་འདུག དེ་བཞིན་གོང་དུ་དྲངས་པའི་གཟེར་མིག་གི་ལུང་དེ་ཡི་བསྟན་བྱའང་ཞུས་མ་ཐག་པའི་ལུང་འགྲེལ་དེ་ཡིས་གོ་ཐུབ་ས་འདུག་སྙམ་མོ། །