ཚད་གསུམ་ཟུང་འབྲེལ་དང་། བདེན་གཉིས་དོ་རུ་མཉམ་ཚུལ་ཇི་ལྟར་ཡིན་ནམ།
ལག་བསྟར་བ། དོ་དམ་པ། · ཟླ་གསུམ་པ། 2, 2018
དེའང་མཛད་མདོ་འབྲིང་པོ་གཟེར་མིག་ལས། “ དེ་ལ་ཡང་གཏོ་བུས་གསོལ་པ། སྟོན་པ་ལགས། ཟུང་འབྲེལ་ཚད་མ་གསུམ་དང་། དོ་མཉམ་བདེན་པ་གཉིས་ལས་སུ། གདགས་པ་ཆེན་པོ་སྐྱེ་བའི་ཡེ་ཤེས། ཐོག་ཏུ་ཕེབས་པའི་དྲོད་ཚད་བྱུང་ན། འཁོར་དུ་གྱུར་པ་བདག་ཅག་ད་རུང་ཤེས་པ་རྨོངས། ཟུང་འབྲེལ་ཚད་མ་གསུམ་དང་། དོ་མཉམ་བདེན་པ་གཉིས། གང་དང་གང་ལ་འདོགས་པ་སྟོན་པས་བཤད་པར་ཞུ། དེ་སྐད་ཅེས་གཏོ་བུས་གསོལ་ཏོ། །
གཤེན་རབ་ཀྱིས་བཀའ་བསྩལ་པ། ཟུང་འབྲེལ་གྱི་ཚད་མ་གསུམ་ནི་སྟོན་པའི་ལུང་ཚད་མ་དང་གཅིག སློབ་དཔོན་གྱི་བཀའ་ཚད་མ་དང་གཉིས། རང་གི་རིག་པའི་ཚད་མ་དང་གསུམ་མོ། །
དོ་མཉམ་གྱི་བདེན་པ་གཉིས་ནི། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་སོ། །
དེ་ལ་ཚད་མ་གསུམ་ལ་ཟུང་དུ་འབྲེལ་བ་ནི། ལུང་གི་ནང་ནས་གཏན་ཚིགས་ཀྱི་ཚད་མ་འབྱུང་ངོ་། །བཀའ་ཡི་ནང་ནས་མན་ངག་གི་ཚད་མ་འབྱུང་ངོ་། །རིག་པའི་ནང་ནས་རིག་པ་ཚད་མ་འབྱུང་ངོ་། །
དེ་ལ་བདེན་པ་གཉིས་དོ་རུ་མཉམ་པ་ནི། དོན་དམ་གཡུང་དྲུང་ཀློང་དུ་བདེན་པ་དང་། ཀུན་རྫོབ་མཚན་མ་དངོས་པོར་བདེན་པའོ། །དེ་ལ་གཏན་ལ་འབེབས་པའི་ཐབས་འདི་ལྟར་རོ། །
ལུང་ཚད་མ་ཞེས་བྱ་བ་ནི། སྔོན་གྱི་སྟོན་པ་ཇི་སྙེད་ནས། དེ་ལྟར་གཤེན་རབ་བདག་ཉིད་ཡན་ཆད་ཀྱིས། ཞལ་ནས་གསུངས་པའི་ལུང་འདི་ངེས་པར་མི་ནོར་བརྩན་པར་གཟུངས་སུ་ཟུངས།
བཀའ་ཡི་ཚད་མ་ཞེས་བྱ་བ་ནི། གང་ཟག་སྦྱང་པའི་འཕྲོ་ཅན་ཤེས་རབ་ཟབ་མོས་བསྟན་པའོ། །
རིག་པ་ཚད་མ་ཞེས་བྱ་བ་ནི། རང་ལ་ཡེ་ནས་ལྷན་ཅིག་སྐྱེས་པའི་རིག་པ་དང། ལྷན་ཅིག་སྐྱེས་པའི་མ་རིག་པ་བྱ་བ་གཉིས། ཀུན་གཞི་ལ་ཡེ་ནས་སེམས་ཅན་ཐམས་ཅད་ལ་གནས་ཏེ། དགེ་བའི་ཕྱོགས་སུ་དད་སྐྱེས་གཡུང་དྲུང་བོན་སྦྱང་རྣམས། མ་རིག་ཆ་བྲི་རིག་པ་ཆ་རགས་རྣམས་ཉིད་དོ། །
དེ་ལ་ལུང་གི་གཏན་ཚིགས་དང་གཅིག བཀའ་ཡི་མན་ངག་དང་གཉིས། རང་གི་རིག་པ་དང་གསུམ་དུ་འཛོམ་ན། གདགས་པ་ཆེན་པོ་ཡེ་ཤེས་དྲོད་ཚད་ཐོག་ཏུ་ཕེབས་པའོ། །
དེ་ལ་ཡང་བདེན་པ་གཉིས་ལ། དཀར་ནག་སྒྲིལ་མ་བཞིན་དུ་ཤེས་པ་ཤིན་ཏུ་གཅེས་པའོ། །དེ་སྐད་ཅེས་སྟོན་པས་བཀའ་བསྩལ་ཏོ། །
དེ་ལ་ཡང་གཏོ་བུས་གསོལ་པ། སྟོན་པ་ལགས། ཟུང་དུ་འབྲེལ་བའི་ཚད་མ་གསུམ་དང། དོ་རུ་མཉམ་པའི་བདེན་པ་གཉིས་ཏེ་ལྔ་དང་། མ་འབྲེལ་བར་གདགས་པ་ཆེན་པོའི་ཡེ་ཤེས་བསྐྱེད་ན། ཐོག་ཏུ་ཕེབས་པའི་དྲོད་ཚད་མཆིས་པ་ལགས་སམ། དེ་ལྔ་དང་ནི་འབྲེལ་བའི་གང་ཟག་ཤིན་ཏུ་ཉུང་སྟེ་མཆིས་ན། དེ་སྐད་ཅེས་གཏོ་བུས་གསོལ་ཏེ།
གཤེན་རབ་ཀྱིས་བཀའ་བསྩལ་པ། གཏོ་བུས་ཞུས་སམ་གསོལ་པ། དེ་ནི་ཤིན་ཏུ་ཡང་ལེགས་ཏེ། ཟུང་དུ་འབྲེལ་བའི་ཚད་མ་གསུམ་མ་མཐུན་ན། སྟོན་པའི་བཀའ་མིན་ནོ། །དོ་རུ་མཉམ་པའི་བདེན་པ་གཉིས་མ་འགྲོགས་ན། གཡུང་དྲུང་གི་བོན་མིན་ནོ། །དེ་ལྔ་དང་ནི་ལྡན་པའི་གང་ཟག་རབ་ཏུ་ཉུང་། དེ་བས་འཁོར་བ་མང་ལ་ཐར་པ་ཉུང་བའོ། །དཀའ་བ་སྣ་ཚོགས་སྤྱོད་ལ་དེ་ལྔ་དང་ནི་རབ་ཏུ་འབྲེལ་བར་བསྒྲུབ། ནམ་ཞིག་དང་དུ་ལོན་པའི་དུས་སུ་གདགས་པ་ཆེན་པོའི་ཡེ་ཤེས་སྐྱེ་བའོ། །དེ་སྐད་ཅེས་སྟོན་པས་བསྩལ་ཏོ། ། ” ཞེས་གསུངས་སོ།།