མུ་ཆོའི་ཁྲོམ་འདུར་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་དགུ་པ། 5, 2017
ལན་གནང་མཁན། སྒང་སྐྱེས་སོགས། དྲི་བ་གནང་མཁན། བསྟན་དར།
དྲི་བ། མུ་ཆོའི་ཁྲོམ་འདུར་ཆེན་མོ་ཞེས་པའི་གཞུང་འདི་ཐེག་པ་གང་གི་འདོད་གཞུང་ཡིན་ནམ།
ལན། མང་ཕལ་ཆེར་སྲིད་གཤེན་གྱི་གཞུང་དང་འདོན་ཆ་ཡིན་སྟབས་སྲིད་གཤེན་ཐེག་པའི་ཁོངས་གཏོགས་ཡིན་སྙམ། འདིར་ཟུར་བརྗོད་ཅིག་ལ། མུ་ཆོའི་ཁྲོམ་འདུར་རྒྱལ་རོང་སེ་གཉན་ཞིག་པོས་དམུ་རྡོ་གཡུང་དྲུང་སྤུངས་རྩེའི་གཡས་ཟུར་ནས་བཏོན། ཞེས་ཤེགས་བཤད་མཛོད་ལས་གསུངས་མོད། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དཀར་ཆག་རྒྱས་པ་སྣང་སྟོན་བློ་གྲོས་སྒོ་འབྱེད་ནང་གཏེར་དུ་མ་སོང་བའི་བོན་གསུངས་འདུག དེ་ཚོའི་སྐོར་ད་དུང་དཔྱད་དགོས་འདུག་དྲན།། །།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།
ལན། སྤྱིར་འདུར་ལ་ཕྱི་འདུར་དང་གཉིས་སུ་ཡོད་པའི་ནང་ནས་མུ་ཆོའི་ཁྲོམ་འདུར་ཆེན་མོ་ཞེས་པའི་འདུར་གཞུང་དེ་ནི་ནང་འདུར་གྱི་ཁོངས་སུ་གཏོགས་པ་ཤིག་ཡིན་མོད། ནང་འདུར་རྣམས་ནི། འགྲེལ་མེ་ལོང་དགུ་སྐོར་ལས་དངོས་བསྐྱེད་པའི་འདོད་གཞུང་བསྟན་པའི་སྐབས་སུ། ” ཐུགས་རྗེ་ཆེན་པོས་གཞན་དོན་མཛད་པ་སྟེ། ནང་འདུར་རྣམས་སོ། །” ཞེས་པས་གསང་སྔགས་དངོས་བསྐྱེད་པའམ་ཨ་དཀར་བའི་འདོད་གཞུང་ཡིན་པར་བསྟན་པ་ལྟར། མུ་ཆོའི་ཁྲོམ་འདུར་ཞེས་པའི་ནང་འདུར་འདི་ཡང་གསང་སྔགས་དངོས་བསྐྱེད་པའམ་ཨ་དཀར་བའི་འདོད་གཞུང་དུ་ངོས་འཛིན་པ་ཆོག་པ་ནི་ཧ་ཅང་གསལ་པོ་ཞིག་རེད་སྙམ།
ཡང་མུ་ཆོའི་ཁྲོམ་འདུར་ཆེན་མོའི་གཞུང་གི་དབུ་ཡི་ལོ་རྒྱུས་བསྟན་པའི་སྐབས་སུ། འདུར་འདི་ནི་རྒྱུ་ཐེག་བཞི་ཡི་ཡོངས་རྩེ། ཞེས་གསུངས་ཏེ་སྲིད་གཤེན་གྱི་ཐེག་པར་གཏོགས་པའི་ཚུལ་ཞིག་གསུངས་ཡོད་པ་དེ་ནི། སྤྱིར་ནང་རྒྱུད་ཀྱི་བོན་དུ་གཏོགས་པའི་འདུར་ཞིག་ཡིན་ཡང་། བརྡ་ཐབས་ཙམ་དུ་སྲིད་གཤེན་པས་ལག་ལེན་བྱེད་པ་ཡོད་པ་ལ་གོ་དགོས་པར་སེམས། གཞན་ཡང་མདོ་དྲི་མེད་གཟི་བརྗིད་སོགས་ལས་སྲིད་གཤེན་གྱི་བོན་ངོས་འཛིན་པའི་སྐབས་སུ། འདུར་ཐབས་སུམ་བརྒྱ་དྲུག་ཅུ་ཞེས་གསུངས་པ་ཡང་ཡོད་མོད། དེ་ལྟར་གསུངས་པ་དེའི་དོན་ནི་འདུར་ཐབས་སུམ་བརྒྱ་དྲུག་ཅུ་རྣམས་བརྡ་ཐབས་ཙམ་དུ་སྲིད་གཤེན་པས་ལག་ལེན་བྱེད་པ་ཡོད་པ་ལ་གོ་དགོས་པ་ལས། འདོད་གཞུང་དབང་དུ་བྱས་ན་ནང་འདུར་རྣམས་སྲིད་གཤེན་པའི་བོན་དུ་ངོས་འཛིན་མི་རིགས་པ་མ་ཟད། ཕྱི་འདུར་རྣམས་ཀྱང་འགྲེལ་མེ་ལོང་དགུ་སྐོར་ལས་གསང་སྔགས་ཕྱི་རྒྱུད་ཀྱི་གཞུང་དུ་བཞག་པས་སོ།། །།
_____སྒང་སྐྱེས་ནས།