མི་སྨྲ་གཤེན་གསུམ་སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཁྱུང་ཀུན་ཁྱབ།
དྲི་བ། དང་པོ། ཁྲི་རྒྱལ་ཁུག་པས་ཚེ་ལོ་ཁྲིའི་ཚེ་དམིགས་འཛིན། ཞེས་དང་། རྒྱལ་བོན་ཐོད་དཀར་གྱིས་ཚེ་ལོ་བརྒྱའིེ་དམིགས་འཛིན། ཞེས་པའི་ཚེ་དམིགས་འཛིན་ཚུལ་གང་ཡིན། གཉིས་པ། ཐད་ཀམ་དུ་བསྒྱུར་བ་དང་དོན་བསྒྱུར་གཉིས་ཀྱི་ཁྱད་པར་གང་གི་ཐད་ནས་འཇོག གསུམ་པ། མཛོད་འགྲེལ་ནང་མི་སྨྲ་གཤེན་གསུམ་ཞེས་པའི་མི་དང་སྨྲ་གཤེན་སོགས་གང་ལ་ངོས་འཛིན་དགོས། བཞི་པ། གཉན་འཐིང་གི་གཏེར་མ་མཛོད་ལྷ་འགྲེལ་འདི་གཏེར་སློབ་གང་ཞིག་ལ་བརྒྱུད་ཡོད་མེད་མཁྱེན་ལྡན་རྣམ་པས་དྲི་བ་དེ་དག་ལ་ལན་གནང་རོགས།
ལན། དང་པོ། ཚེ་ཡི་དམིགས་འཛིན་ཞེས་པ་ནི་ཚེ་ལོ་དེའི་ཁྱད་པར་དུ་བྱོན་པའི་སྟོན་པས་སྐབས་དེའི་སེམས་ཅན་གྱི་འགྲོ་དོན་བྱེད་པ་ཞིག་གོ་བ་མིན་ནམ་སྙམ་སྟེ། དྲུང་མུ་སྐལ་བཟང་ལས། “གཤེན་རབ་གཏོ་རྒྱལ་འཕྲུལ་ལྡེ་ལགས། །མཚན་མཁན་བྲམ་ཟེ་མཛེས་བརྗིད་ལགས། །འོལ་མོའི་གནས་སུ་ཐུགས་གཏད་ནས། །སོ་བརྒྱད་མཁར་ལ་སྐུ་འཁྲུངས་སོ། །ཤམ་པོ་ལྷ་རྩེར་བཀོད་པ་མཛད། །ཚེ་ལོ་ལྔ་བརྒྱར་འགྲོ་བ་འདུལ། །ལྷ་གཤེན་སྲིད་པའི་ཐུགས་རྗེ་ཡིས། །སྟོང་གསུམ་བདེར་བཀོད་མྱ་ངན་འདས་ཚུལ་བསྟན།” ཞེས་གསུངས་པ་ལྟར་རོ། །
གཉིས་པ། སྒྲ་ཐང་ཀམ་(ཐད་ཀམ)ནི། སྒྲ་ཐད་སྒྱུར་བྱས་པ་ཞིག་སྟེ་དཔེར་ན། མཛོད་ལས། ཏི་ཀ་ནི་ཕུགས། རྐྱ་སེ་ནི་མཛོད། ཅེས་པ་ལྟར་དང་། དོན་བསྒྱུར་ནི་དེ་ལས་ལྡོག་སྟེ་སྒྲ་ལ་གཙོ་བོར་མི་ལྟ་བར་དོན་ཁོ་ནར་བསྒྱུར་བ་ཞིག་ལ་གོ་བ་འདྲ་སྙམ། འདིའི་སྐོར་དེ་སྔོན་བགྲོ་གླེང་ཞུས་པ་འདི་ནས་གཟིགས།
གསུམ་པ། མི་སྨྲ་གཤེན་གསུམ་ཞེས་པའི་མི་ནི། སྨྲ་ཤེས་དོན་གོ་བའི་གང་ཟག་མི་དང་། སྨྲ་ཞེས་པ་ནི། ལྷ་མིའི་བར་ལ་པྲ་ལྟས་དང་ལ་ཉེ། དེ་བཞིན་དཔྱད་དང་མོ་ལུང་སོགས་སྒྲོག་མཁན་གྱི་རིགས་ལ་གོ་བ་འདྲ་སྟེ། མཛོད་ཀྱི་གཞུང་ཡོད་ཁམས་སྲིད་པ་མི་སྨྲ་གཤེན་གསུམ་སོགས་གྲོལ་ཚུལ་སྐབས་སུ། མཛོད་ལྷ་འགྲེལ་ལས། “ལྕམ་མོ་ལྔ་ལ། ལྷ་མོ་ཡིད་འོང་མ་དང༌། སྨྲ་མཁན་ལྷ་ཡི་རྒྱལ་མོ་དང༌། དག་བྱེད་ཁྲུས་ཀྱི་རྒྱལ་མོ་དང༌། གསོ་བྱེད་སྨན་གྱི་རྒྱལ་མོ་དང༌། ལྷ་མོ་སྒྱུ་འཕྲུལ་དང་ལྔའོ། །”ཞེས་པྲ་གཏོ་སྨན་དཔྱད་དང་སྦྱར་བ་མཐོང་ཐུབ་པ་དང་། འགའ་ཞིག་གིས་སྨྲ་ཞེས་པ་ནི་གཟུགས་མེད་ལྟ་བུས་མི་དང་ལྷ་འདྲེའི་བར་བརྡ་སྐྱེལ་མཁན་དུ་གསུངས་མཁན་ཡོད་པར་ཐོས་མོད་ཀྱང་། གཟུགས་མེད་ཡིན་པར་མ་ངེས་ཏེ། མཛོད་ལྷ་འགྲེལ་ལས། “མི་དང་སྨྲ་ལམ་དམིགས་རིས་གཅོད། །དེ་བཞིན་དམིགས་རིས་བདེ་བའི་ལམ། །ཞེས་པ། མི་དང་སྨྲ་བའི་ལམ་ནི། ལྟ་བའི་མིག་གི་ཡུལ་དུ་སྣང་བས། མི་བདེ་བ་བོར། གང་བདེ་བའི་ལམ་དུ་འཇུག་པའོ། །” ཞེས་སོགས་གསུངས་པས་སོ། །གོང་གི་དམིགས་རིས་གཅོད་ཅེས་པ་ནི་མིག་རིས་ཡིན་པར་སྙམ། གཤེན་ཞེས་པ་ནི། མི་ལ་མགོན་སྐྱབས་དང་སྡོང་གྲོགས་བྱེད་མཁན་གྱི་རིགས་ལ་གོའམ་ཡང་ན་རྒྱུན་བཤད་ལྟར་བོན་དང་གཤེན་ཞེས་པའི་གཤེན་རབ་དང་གཤེན་པོ་རྣམས་ལའང་གོ་བ་ཡོད་སྲིད་སྙམ་མོ། །
བཞི་པ། གཉན་སྟོན་ཤེས་རབ་རྡོ་རྗེའི་གཏེར་མ་རྣམས་སུ་གཏེར་སློབ་དངོས་ཟེར་བ་ཡོད་བཟོ་མི་འདུག་སྟེ། ལེགས་བཤད་མཛོད་གཏེར་དང་གཏེར་སྟོན་ཇི་ལྟར་བྱོན་ཚུལ་སྐབས་སུ་དེ་ཉིད་ལས། “བཞི་པ་བརྒྱུད་རིམ་ནི། བླ་མ་གཉན་མཐིང་གིས་གཏེར་བཏོན་པ་ལ་གཟའ་མིག་དམར་གྱིས་བར་ཆད་བྱས་པས་མ་དར་དེ་ལྐུགས་པའི་བོན་ཞེས་གྲགས།” ཞེས་གསུངས་པས་སོ། །ཡིན་ནའང་ཕྱིས་སུ་རིང་བརྒྱུད་ལྟ་བུའི་ཁོང་གི་གཏེར་དཔེ་རྣམས་རིམ་པར་དར་ཡོད་པར་སྣང་སྟེ་ད་ལྟ་མཇལ་ཡུལ་དུ་གྱུར་པ་གང་མང་བཞུགས་པས་སོ།། །།