མཛོ་བྱ་བྲལ་གྱི་རྣམ་ཐར་ཡིག་ཐོག་ཏུ་འཁོད་པ་ཨེ་ཡོད།
དྲི་བ་གནང་མཁན། བསྟན་དབང་།
དྲི་བ། ཁྱུང་ཡུལ་ཁོག་ཏུ་རྣལ་འབྱོར་མཛོ་བྱ་བྲལ་ཞེས་པ་ཞིག་བྱུང་འདུག་པ་དེའི་རྣམ་ཐར་ཡིག་ཐོག་ཏུ་འཁོད་པ་ཨེ་ཡོད།
ལན། དམ་པ་འདིའི་རྣམ་ཐར་ཡུལ་མིའི་ངག་རྒྱུན་དུ་འགའ་ཙམ་ཡོད་ཀྱང་རྒྱས་པ་ཡིག་ཐོག་ཏུ་འཁོད་པ་ཁོ་བོས་མ་མཇལ་ཡང་། ཞིང་གཤེགས་དམ་པ་མཁས་དབང་དགེ་བཤེས་བློ་གྲོས་རབ་གསལ་མཆོག་གིས་བསྒྲིགས་པའི་(གནའ་བོའི་ཞང་བོད་ཚིག་མཛོད་)ནང་རྣམ་ཐར་བསྡུས་པ་ཞིག་འདུག་པ་གཤམ་དུ་ཕུལ་ཡོད།
” འགྲུ་སྒོམ་ཚུལ་ཁྲིམས་མཚན་ནམ། མཚན་གཞན་མཛོ་བྱ་བྲལ། དམ་པ་ཁོང་ནི་སྙ་ཆེན་ལི་ཤུའི་རྣམ་རོལ་དུ་བཞེད་ཅིང་འཁྲུངས་ཡུལ་རྔུལ་རྫ་ཟལ་མོའི་སྒང་རྒྱུད་དུ་ཆགས་པའི་ཁྱུང་ཡུལ་སྤུ་རྒྱལ་གནས་ཀྱི་མདུན་ཞོལ།སྤུ་ཁུག་ཞེས་པའི་བྲག་དཀར་སྤང་ཤུག་འདྲེས་མའི་ཉམས་དགའ་བའི་དབེན་གནས་དེར། ཡབ་འགྲུ་རིགས་མཛོ་ཚུལ་ཁྲིམས་དཔལ་ལྡན་དང་། ཡུམ་ཁྲ་གཟའ་ནོར་གཡང་གཉིས་ཀྱི་སྲས་སུ་དུས་རབས་བཅུ་དགུ་པའི་སྤྱི་ལོ་ ༡༨༩༨ ལོར་སྐུ་འཁྲུངས། སྤྱིར་ཡབ་ཡུམ་གཉིས་ལ་ལྕམ་སྲིང་ལྔ་ཡོད་པས་དམ་པ་ཁོང་ནི་ཆེ་འོག་ཡིན་སྐད།
ཡབ་སྔགས་པ་ནུས་ཅན་ཞིག་ཡིན་ཀྱང་ཁོང་སྐུ་ན་ཕྲ་བའི་དུས་ནས་ཞིང་དུ་ཕེབས། གཞིས་སུ་སྡེ་དགེ་རབ་དཀར་བསྡད་པས་ཁོང་ལྕམ་སྲིང་རྣམས་ལ་གཅེས་སྐྱོང་ཆེར་མི་བྱེད་སྐད། དགུང་གྲངས་བཅུ་སོན་མཚམས་ནམ་ཞིག་གཏན་གྱི་འདུན་མ་དགེ་སྦྱོར་ཞིག་སྒྲུབས་བསམ་ནས་ཁྱུང་དཀར་མཐོང་གྲོལ་རི་ཁྲོད་དུ་གྲུབ་དབང་སྨོན་ལམ་རྒྱལ་མཚན་མདུན་དུ་འགྲོ་རྒྱུ་ཐག་བཅད་ནས་ལམ་དུ་ཆས། ལམ་བར་ནས་མཛོ་ཚང་ཞིང་པ་རྣམས་ཀྱིས་མཐོང་ནས་ལོ་ན་ཆུང་བས་མི་འོང་ཟེར་ནས་ནང་དུ་ཁྲིད་ནས་བཀའ་ཉར་བྱས། ཁོང་རྣམས་ལས་ཀར་འགྲོ་སྐབས་མཁར་གྱི་ཡང་ཐོག་ཏུ་བཞག་ཅིང་སྒོ་བཅད་དེ་སོང་། དམ་པས་འགྲུལ་བ་ཁྱུ་ཞིག་སྟེང་ཆེན་ཕྱོགས་སུ་འགྲོ་བ་མཐོང་ནས་དེ་མ་ཐག་མཁར་ནས་མཆོང་སྟེ་འགྲུལ་པའི་ལྷན་དུ་མཐོང་གྲོལ་རི་ཁྲོད་དུ་འབྱོར་ནས་གྲུབ་ཆེན་མཇལ།
དེ་ནས་གྲུབ་ཆེན་གྱིས་ལོ་ན་ཆུང་བས་སྔོན་འགྲོ་བསགས་སྦྱོང་མི་ཕེར་བས་གནས་སྐབས་ཁྱིམ་དུ་ལོག་གསུངས་ཀྱང་དམ་པ་ཉིད་ནས་ཨུ་ཚུགས་ཀྱི་ངུས་ཞུས་བྱས་མཐར། འོ་ན་ཁྱོད་རང་ཞོགས་པ་སྐུ་གམ་དུ་ཤོག་གསུངས། ཕྱིན་ཉིན་བླ་མས་ཁྲུས་མཛད་ནས་ཚེ་དབང་བོད་ཡུལ་མའི་བློ་ལྡོག་རྣམ་བཞི་སོགས་སྔོན་དུ་འགྲོ་བའི་ཁྲིད་རྣམས་གནང་། དེ་མཚམས་གྲུབ་དབང་རིན་ཆེའི་དྲུང་ནས་གཙང་གཙུག་གི་སྡོམ་ཁྲིམས་བཞེས། དེར་ལོ་ཤས་བཞུགས་རིང་རི་ཁྲོད་དགོན་གྱི་སྔགས་རྒྱུན་ཡང་བྱས། དེའི་རིང་བོན་གསར་རྙིང་གི་དབང་ལུང་དུ་མ་ནོད་ཅིང་སྔོན་འགྲོ་དངོས་གཞི་སོགས་ལེགས་པར་སྦྱངས། དེ་མཚམས་བླ་མའི་མདུན་ནས་གྲྭ་སར་འགྲོ་ཆོག་པའི་གནང་བ་བླངས་ནས་གྲྭ་སར་སྨན་རིའི་སྒྲིགས་ལ་ཞུགས་ནས་རབ་ཏུ་བྱུང་བས་མཚན་ཚུལ་ཁྲིམས་རྒྱལ་མཚན་ཅེས་གནང་།
དེ་ནས་གྲྭ་ས་གོང་འོག་བར་གསུམ་དང་གཤེན་གྱི་གདན་ས་རི་རྒྱལ་དགོན་དང་དར་ལྡིང་། དྭང་ར་རྟ་སྒོ་སོགས་ལ་གནས་མཇལ་དང་ཉམས་ལེན་གྱི་རྒྱུན་སྐྱོངས་བཞིན་བཞུགས། གྲྭ་སའི་མཁན་སློབ་མདུན་ནས་དེར་དག་པ་དྲང་སྲོང་གི་ཁྲིམས་གཉིས་བརྒྱ་ལྔ་བཅུ་རྫོགས་པར་བཞེས། དེ་ནས་ཡབ་ཡུལ་དུ་ལན་གཅིག་ཕེབས། སླར་ཡང་མཁར་སྣ་སོགས་ལ་བྱོན་ནས་མཁར་སྣ་དགེ་སློང་གཡུང་དྲུང་ཚུལ་ཁྲིམས་ཀྱི་མདུན་ནས་མཁའ་འགྲོ་གསང་གཅོད་ཀྱི་བསྙེན་སྒྲུབ་ལས་སྦྱོར་གྱི་འཕྲིན་ལས་འགྲིག་རིམ་དང་དབང་ལུང་ཁྲིད་སོགས་ལེགས་པར་གསན་རྗེས། དྭང་ར་གཡུ་བུན་དུ་གསང་གཅོད་ཀྱི་སྒྲུབ་པ་བཞུགས། སྒྲུབ་པ་གྲོལ་ནས་སླར་མཁར་སྣའི་དགེ་སློང་དྲུང་ནས་གཅོད་ཀྱི་དམིགས་སྐོར་ཁག་གཅིག་སོགས་གདམས་པ་མང་དག་ཅིག་གསན་ཏེ་རི་བརྒྱ་གཅོད་དུ་བྱོན། བར་བར་རྣམས་སུ་གྲུབ་རྟགས་སྣ་ཚོགས་མཛད།
དེ་ནས་སྨན་རི་དགེ་སློང་དྲུང་ཡིག་ཚེར་མ་དང་ལྷན་དུ་གནམ་མཚོ་རུ་བྱོན། དེ་དུས་མཚོ་ཡི་དར་ཁ་མ་ཞིག་ཙམ་ཡིན་པས་དེར་ཡུལ་དེའི་མི་ཡོང་ནས། ཡུལ་འདིར་དུས་ཆར་མི་འབབ་པས་ཁྱོད་གཉིས་འདིར་བསྡད་ཚེ་ཆར་ཆུ་གཏན་ནས་མི་འབབ་ངེས་པས་སྡོད་མི་ཆོག་ཟེར་བའི་བར་ཆད་བྱས། དེར་ཁོང་གཉིས་ཞག་ཤས་སྡོད་ཆོག་པའི་ཞུ་བ་ཕུལ། དེའི་རིང་ཆར་འབབ་ཅི་དྲག་བྱས་ཀྱང་ཆར་མ་ཕབ། ཉིན་ཞིག་བླ་མས་ཁྲག་ཅུང་ཞིག་སློང་ཤོག་གསུངས། དྲུང་ཡིག་ཚེར་མས་ཁྲག་བསླང་ནས་བླ་མར་ཕུལ། བླ་མས་ཅུང་ཁྲོས་པའི་ངང་ནས་ཞི་བས་མ་ཕན་ན་ཡཱ་གསུངས་ཏེ་ཁྲག་ཆུ་མཚོར་རུ་བཤོས་པས། དེ་ནས་ཆར་ཆུ་གཤིན་པོ་བབས་པར་གྲགས།
དེ་མཚམས་ཡབ་ཡུལ་ནས་འདིར་དགོན་པ་ཞིག་བཞེངས་རྩིས་ཡོད་པས། ཁྱེད་ཀྱིས་དབུས་གཞུང་ནས་བཀའ་ཁྲོལ་ཆོག་མཆན་ཞུས་ཤོག་ཅེས་བསྐུལ་བ་བཞིན། སྔར་རི་བརྒྱ་གཅོད་སྐབས་སྡེ་གཞུང་གི་འབྲི་ཆུ་སེར་ཀའི་ཚོང་པའི་ན་ཚ་བཏུལ་བ་དེ་ལ་ལྟ་སྒོ་བརྒྱུད་ནས་བཀའ་ཤོག་ཞུས་བཞིན་དེར་བཞུགས། མཐར་དམ་པ་ཉིད་ཀྱི་ཐུགས་འདོད་བཞིན་བཀའ་རྟེན་ཐོབ། ( སྤྱིར་ནང་ཆོས་ཀུན་ལས་ཁྱད་དུ་འཕགས་པའི་བོན་འདི་ཡིན་ཞིང་། ལྷག་པར་དུ་བོད་ཀྱི་ཕ་ཆོས་སམ་བསྟན་པ་བོན་འདི་རུ་ངེས་ལ། དེ་བས་ན་བོན་བསྟན་ལ་སུས་ཀྱང་གནོད་འཚེ་མི་ཆོག་ལ་སྒོས་སུ་བཀའ་རྟེན་འདི་འཆང་བ་པོས་ཁྲལ་ཁྲིམས་རྒྱུགས་གསུམ་མི་དགོས་ཤིང་ཚོ་པ་སོ་གསུམ་ནས་ཁྲལ་བསྡུ་ཆོག ) ཅེས་བཀའ་རྟེན་ལ་གཞུང་ཤག་སེར་ར་སོགས་ཀྱི་ཐམ་ཀ་ཡོད་པ་ཞིག་བསྣམས་ཏེ་རང་ཡུལ་ལ་ཕེབས་ནས་གཟིགས་སྐྱོང་གང་ལེགས་མཛད། དགོན་མིང་མཁར་སྤུང་དགོན་ཟེར།
དེ་ནས་རི་ཁྲོད་དང་དབེན་ས་ཁོ་ནར་འགྲིམས་ནས་བཞུགས་སྐད། མ་ཡུམ་དང་ལྕམ་སྲིང་རྣམས་གནས་སྐོར་དུ་གངས་རིན་པོ་ཆེ་ནས་བལ་ཡུལ་ཕྱོགས་སུ་ཕེབས། དེར་ཚ་ཚད་རྐྱེན་པས་ཡུམ་དང་ལྕམ་སྲིང་རྣམས་ཡུལ་དེ་གར་གྲོངས། དེ་མཚམས་སུ་རྒྱལ་བའི་བཀའ་དང་བཀའ་རྟེན་ཀུན་ཀ་དག་བསྒྲིགས་དང་བཅས་ཏེ་སྤར་བརྐོ་རྒྱུ་རྨང་གཞི་བཏིང་སྟེ། དང་ཐོག་རྣམ་དག་པད་མ་ཀློང་ཡང་། མདོ་གཡུང་དྲུང་ཀློང་རྒྱས།རྣམ་རྒྱལ་རྒྱ་ནག་མ། རྣམ་པར་རྒྱལ་བའི་གཟུངས་ཆེན། མཁའ་འགྲོ་གསང་གཅོད། དྲེའུ་དམར་བཅས་ཀྱི་སྒྲུབ་སྐོར་ཆ་ལག་དང་བཅས་པ། ཚེ་དབང་བོད་ཡུལ་མའི་སྒྲུབ་གཞུང་ཆ་ལག་ཁྲིད་རིམ་དང་བཅས་པ་མང་དུ་གྲུབ། གཞན་ཡང་ཧོར་འབྲོག་ཤོག་དང་། སོག་སྡེ། བོན་ཐ་བཅས་ཀྱི་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད། མཐར་བསྟན་འགྲོའི་འགྲོ་དོན་གང་མཚམས་གྲུབ་ནས་མཚན་མེད་ཀྱི་གནས་ལུགས་དང་མ་འབྲལ་བའི་ངང་ནས་དུས་མ་ལོག་ཙམ་དུ་སྐུ་མྱ་ངན་ལས་འདས་པར་བཤད། འདིར་དེ་ཙམ་ལས་ཞིབ་པ་བགྲེས་པོའི་འབེལ་གཏམ་ནང་དུ་གཟིགས།། ” ཞེས་སོ།།