མདོ་སྨད་ཨ་མ་ཞིག་མོའི་རྣམ་ཐར་ཡིག་ཐོག་ཏུ་ཡོད་དམ།
རྩོམ་བྲིས་པ། རྔ་རང་རིག དྲི་བ་གཏོང་མཁན། ཞང་ཚུལ་མི།
དྲི་བ། མདོ་སྨད་ཨ་མ་ཞིག་མོའི་རྣམ་ཐར་ཞིག་ཡིག་ཐོག་ཏུ་ཡོད་པ་མཇལ་མྱོང་མཁན་ཡོད་ན་དེའི་སྐོར་གསུང་རོགས།
ལན། དམིགས་བསལ་མདོ་སྨད་ཨ་མ་ཞིག་མོ་གཅིག་པུའི་རྣམ་ཐར་ཞིག་དེ་སྔ་བར་དུ་མཐོང་ཡུལ་དུ་མ་གྱུར། ཡིན་ན་ཡང་མདོ་སྨད་སྣང་ཞིག་ཚང་གི་གདུང་རབས་བཤད་སྐབས་ཨ་མ་ཞིག་མོའི་སྐོར་ཅུང་ཙམ་བཤད་ཡོད། ཨ་མ་ཞིག་མོ་ལ་མཚན་གཞན་ཞིག་ཡོད་ནི་ ” སྐྱང་བཟའ་གཡུ་བཙུན་མ ” ཟེར་བ་དེ་རེད། མིང་དེས་མདོ་སྨད་ཨ་མ་ཞིག་མོའི་འཁྲུངས་གཞིས་ངོ་འཛིན་གསལ་པོ་བྱེད་ཡོད། མ་ཚད་༼ལྷ་རྒྱུད་རིན་ཆེན་ཕྲེང་བ་༽ལས་བླ་ཆེན་དྲན་པ་ནམ་མཁའི་དངུལ་སྐུ་གསུང་འབྱོན་ཁྱད་པར་ཅན་དེ། སྲས་ཆུང་བ་བླ་ཆེན་ཡང་སྲིད་གཡུང་དྲུང་བློ་གྲོས་རྒྱལ་མཚན་མཆོག་ལ་རྟེན་སྐལ་དུ་གནང་ནས། མ་ཡུམ་གྱི་འཁྲུངས་གནས་ཤར་ཟིང་ཆུ་སྐྱང་འཕགས་ཀྱི་ཡུལ་གྲུ་ལུང་བསྟན་ནས་དངོས་རྫས་གྱ་ནོམ་པ་བཅས་བརྫངས་སོ། །ཞེས་གསུངས་ཡོད་པས་ཨ་མ་ཞིག་མོའི་འཁྲུངས་གཞིས་མདོ་སྨད་ཤར་ཕྱོགས་སྐྱང་འཕགས་ནས་ཡིན་པ་གསལ། ཡང་དེ་ཉིད་ལས་གསལ་བ་ལྟར་ ” སྐྱང་བཟའ་གཡུ་བཙུན་མ་ ” ཞུ་སྒོམ་འཁྲུལ་ཞིག་གི་དངོས་སློབ་སྣང་ཞིག་དོ་འཕགས་ཆེན་པོས་ཁབ་དུ་བཞེས་ནས་རྔ་བ་བར་མར་བྱོན་ཏེ་གནས་གཞི་བཟུང་ཚུལ་དང་། དེ་ནས་རིམ་པར་སྲས་གསུམ་འཁྲུངས་ཏེ། སྲས་ཆེ་བ་ཉི་མ་འཛིན། འབྲིང་འདུལ་བ་རྒྱལ་མཚན། གཅུང་གཡུང་དྲུང་རྒྱལ་མཚན་དང་གསུམ་མོ། །སྲས་ཆེ་བ་ཉི་མ་འཛིན་ལས་མདོ་སྨད་རྔ་ཡུལ་སྣང་ཞིག་ཚང་གི་གདུང་རབས་རིམ་པར་བྱོན་ཚུལ་དང་། སྲས་ཆུང་བ་གཡུང་དྲུང་རྒྱལ་མཚན་ལས་མདོ་སྨད་ཤར་ཁོག་ཏུ་སྣང་ཞིག་གི་གདུང་རྒྱུད་འཕེལ་ཚུལ་སོགས་བསྟན་ཡོད།།