མདོ་སྔགས་ཟུང་འབྲེལ་ཞེས་པའི་སྐོར་བ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ།
མདོ་སྔགས་ཟུང་འབྲེལ་དང་མདོ་སྔགས་ཟུང་སྦྲེལ་འབྲི་སྟངས་གཉིས་གང་དག་པ་ཡིན་ནམ། འབྲེལ་འབྲི་ན་འབྲེལ་བ་ཞིག་ལ་གོ་དགོས་པས་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་གང་རུང་དུ་འགྱུར་བའི་སྐྱོན་མི་འོང་ངམ། བདག་གཅིག་འབྲེལ་ཡིན་ན་མདོ་སྔགས་གཉིས་རང་བཞིན་གཅིག་ཡིན་དགོས་པ་དང་། དེ་བྱུང་འབྲེལ་ཡིན་ན་མདོ་སྔགས་གཉིས་རྒྱུ་འབྲས་ཡིན་དགོས་པས་འདིའི་སྐོར་ལ་དོགས་སེལ་ཞིག་ཡོད་པ་ཞུ། །
མཁྱེན་དཔྱོད་ལྡན་པ་བོན་བུ་ལགས།
སྤྱིར་བཏང་ཐེག་ཆེན་གཡུང་དྲུང་བོན་གྱི་ལས་རྟགས་སོགས་སུ་ ”མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན” ཟེར་བ་ལས་ ʼʼ ཟུང་སྦྲེལʼʼ ཞེས་པའི་ཚིག་འདི་ཆེར་མ་མཐོང་བས་དེས་ན་ ”ཟུང་འབྲེལ་” ཞེས་པ་འདི་དག་པར་སྣང་། དེའང་ར་ས་གཡང་དྲུང་རོལ་པའི་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་ལས་བྱུང་བར་བཤད་པ་འདི་ལྟར། ” བསྟན་པ་ཡོངས་རྫོགས་སྔ་འགྱུར་རྒྱལ་པའི་བསྟན། །མདོ་སྔགས་ཟུང་འབྲེལ་འཕྲུལ་ངག་བདེན་པའི་སྲོལ། །གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན། །རིང་མོའི་དུས་ནས་གངས་ཅན་དཔལ་དུ་ཤར། །” ཞེས་སོགས་ལ་བརྟག་ན་ངེས་སླ།
ཁྱེད་ཀྱི་དྲི་བ་གཉིས་པ་ལས་གལ་ཏེ་འབྲེལ་བ་འབྲི་ན་བདག་གཅིག་དང་དེ་བྱུང་གི་འབྲེལ་བར་འགྱུར་སྐྱོན་ཡོད་ན། མངོ་སྔགས་གཉིས་བདག་གཅིག་དང་དེ་བྱུང་གང་དུ་འགྱུར་བ་སོགས་ཀྱི་དོགས་དྲི་ལ་གུས་པས་ཤེས་ཚོད་ཙམ་ཞིག་ཞུ་ན།
སྤྱིར་མཚན་ཉིད་རྩོད་གྲྭ་རིག་པའི་ཐོག་ནས་བཤད་ན་འབྲེལ་བ་ལ་བདག་གཅིག་དང་དེ་བྱུང་གིས་མཐུས་ཀྱང་། ཡོངས་གྲགས་ཐ་སྙད་ཀྱི་འབབ་ལུགས་སོགས་ལ་གཞིག་ན་འབྲེལ་བ་ལ་རྟེན་དང་བརྟེན་པ་དང་། འགལ་མེད་ཙམ་དུ་གནས་པ། མཐུན་པའི་འབྲེལ་བ་སོགས་དུ་མ་ཞིག་ཡོད། དཔེར་ན། ནོར་དང་ནོར་བདག་གི་འབྲེལ་བ། ལྷན་ཅིག་ཏུ་གནས་པའི་འབྲེལ་བ། དགེ་སློབ་དང་མཛའ་གྲོགས་ཀྱི་འབྲེལ་བ་སོགས་ལྟ་བུ་རེད། དེ་བཞིན་བོན་གཞུང་ཁག་ནས་ཀྱང་འབྲེལ་ཚིག་ལྟ་སྤྱོད་ཟུང་འབྲེལ། ཚད་གསུམ་ཟུང་འབྲེལ། སྒོམ་སྒྲུབ་ཟུང་འབྲེལ་སོགས་ཀྱི་ཐ་སྙད་ཀྱང་མང་པོ་མཇལ་ཐུབ།
འོན་ཀྱང་འདིར་སྐབས་བབ་འཆད་བྱ་མདོ་སྔགས་གཉིས་དེ་འབྲེལ་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ནི་བདག་གཅིག་དང་དེ་བྱུང་སོགས་གང་ཡང་མིན་པར་བསྟན་པ་གཅིག་ལ་མངོ་སྔགས་གཉིས་སམ་མདོ་སྔགས་རྫོགས་གསུམ་གྱི་ལྟ་སྤྱོད་འགལ་མེད་དུ་གནས་པའི་རྒྱུ་མཚན་ཡིན་ལ། དེའང་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་རྩོམ་ལས། ” ཇི་སྐད་དུ། མདོ་སྔགས་ཟུང་འབྲེལ་འཕྲུལ་ངག་གཡུང་དྲུང་བོན།། ཞེས་གསུངས་པ་ལྟར། མདོ་སྔགས་རྫོགས་ཆེན་གསུམ་ཕྱོགས་རེ་བའི་བསྟན་པ་རེ་ཆོས་ལུགས་གྲུབ་མཐའ་གཞན་དང་གཞན་ཀུན་ལ་ཡོད་ཀྱང༌། དེ་གསུམ་ཟུང་འབྲེལ་གྱི་བསྟན་པ་མ་ནོར་བ་ནི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཡིན་ལ། ” ཞེས་དང་། ”ལྟ་བ་རྫོགས་ཆེན་གྱི་མན་ངག་ལ་བརྟེན་ནས་དོན་རྒྱུད་ཀྱི་བྱིན་རླབས་ལེན། སྒོམ་པ་གསང་སྔགས་ཀྱི་རིམ་གཉིས་ལ་བརྟེན་ནས་ཉམས་ལེན་གྱི་གཞུང་ལམ་བསྲང༌། སྤྱོད་པ་འདུལ་བའི་བསླབ་པ་ལ་བརྟེན་ནས་རྗེས་འཇུག་གི་མིག་ལྟོས་སྤེལ་བས་ཉམས་ལེན་གཅིག་ལ་ལྟ་སྤྱོད་ཟུང་འབྲེལ་གྱི་ལག་ལེན་བསྐྱངས། ” ཞེས་གསུངས་འདུག་པས་དེས་ན་ཟུང་འབྲེལ་ནི་གོང་ཞུས་ལྟར་འགལ་མེད་དུ་གནས་པ་ལ་གོ་དགོས་པར་སྙམ།