མདོ་ལྟར་སྟོན་པ་སྐྱེ་བ་བཞེས་ཚུལ་ལ་སྦྱར་བའི་མཆོད་ཚིག་ངག་གི་རོལ་མོ།
རྩོམ་བྲིས་པ། ཚུལ་ཁྲིམས་དྲི་མེད།
_____སྟོན་པའི་འཁྲུངས་མཆོད་ཆེན་མོར་ཕུལ།
[su_tabs]
[su_tab title=”སྟོན་པའི་ཡབ་ཡུམ།”] [su_animate type=”fadeInUp”]
ཡུལ་གཅིག་སྲིད་པ་རྟག་གཟིགས་འོལ་མོའི་གླིང་།།གྲོང་ཁྱེར་ཞིག་ཆགས་བར་པོ་སོ་བརྒྱད་ཡོད།།གསར་མཁར་ཞིག་ནི་ཤམ་པོ་ལྷ་རྩེ་སྟེ།།གནས་མཆོག་དེ་རུ་གཞའ་ཚོན་འོད་དུ་འབར།།རྒྱལ་རིགས་གཏོགས་པ་དམུ་ཡི་རྒྱུད་པ་ལས།།མཆོག་ཏུ་གྲོལ་བའི་གདུང་རྒྱུད་ཆེ་དྲུག་རྒྱལ།།དམུ་ཡི་རྒྱལ་པོ་ལན་གྱི་ཐེམས་པ་སྐས།།འགྲོ་བ་ཀུན་ལ་མ་གཅིག་བུ་ལྟར་བྱམས།།དེ་ཡི་བཙུན་མོ་ཕྱྭ་ཡི་སྲས་མོ་སྟེ།།ཤིན་ཏུ་ངག་འཇམ་རབ་ཏུ་ཁོང་དལ་བ།།ཕྱྭ་བཟའ་ངང་འབྲང་འགྲོ་ལ་བྱམས་སེམས་ཅན།།ཡབ་ཡུམ་དེ་གཉིས་འཚོས་པས་སྲས་ཤིག་འཁྲུངས།།དུས་དེར་ཐམས་ཅད་དགའ་བའི་སྟོན་མོ་བཤམ།།རྒྱལ་བུ་འཁྲུངས་ཞེས་ཀུན་ཀྱང་སྤྲོ་བ་སྐྱེས།།ལ་ལས་སེལ་བཏབས་ལ་ལས་ཁྲུས་བགྱིས་ཤིང་།།ལ་ལས་གཡང་བླན་ལ་ལས་ལྷ་ཡང་གསོལ།།ཞང་པོ་ཕྱྭ་རྗེས་སྲས་ལ་སྨོན་བཏབས་པ།།སྡེ་བརྒྱད་བཀའ་བཙན་སྐྱེ་འགྲོའི་དོན་ནུས་ཤོག།བྲམ་ཟེ་གསལ་ཁྱབ་འོད་ཀྱིས་མཚན་བརྟགས་པ།།མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་ཞེས།།ཤིན་ཏུ་ཁོང་དལ་རབ་ཏུ་ངག་འཇམ་ཞིང་།།གཏོ་དང་སྲིད་པའི་སྨྲང་རྒྱུད་ས་ལེར་མཁྱེན།།མི་འཇིགས་སྟོབས་ཀྱིས་རྒྱལ་ཁམས་ཟིལ་གྱིས་མནན།།དགེ་བའི་གཤིས་རྫོགས་འགྲོ་ལ་བྱམས་སེམས་ལྡན།།དམུ་སྲས་ཐོད་དཀར་ལྷོ་ཕྱོགས་གླིང་ལ་གཤེགས།།དེ་ཡི་ལམ་ལ་གྲོང་ཁྱེར་ལང་ལིང་ཡོད།།མུ་ལེའི་མཚོ་ལ་གཙང་མའི་སྐུ་ཁྲུས་གསོལ།མེ་ཏོག་སླས་མའི་དྲི་བསུང་དེ་ནས་ལྡང་།།ལང་ལིང་གྲོང་ཁྱེར་ས་ལ་བདལ་བའི་དཀྱིལ།།དཀྱུས་མའི་ཁྱིམ་ལ་ལྷག་པའི་ལྷ་མོ་བཞུགས།།སྟོབས་ཀྱིས་གཤེགས་པའི་དམུ་སྲས་སྤྱན་མིག་ལ།།ལྷ་མོ་མཇལ་བའི་ལས་འཕྲོའི་མདུད་པ་ཡོད།།ཕ་ཞར་བུ་འཐིང་འཛོམས་པའི་ཕལ་ཁྱིམ་ན།།བཅོ་ལྔར་སྦས་པའི་དབྱིག་གི་ནོར་བུ་མཆོག།བདག་གིར་བྱེད་པའི་སྟོབས་དང་བསོད་ནམས་དེ།།དམུ་ཡི་སྲས་པོ་དེ་ལས་གཞན་ལ་མེད།།ཕྱོགས་སུ་གཟིགས་པས་རྒྱང་རིང་མཁར་ཞིག་ན།།ཁྱད་དུ་འཕགས་པའི་བུད་མེད་ཅིག་སྣང་བ།།མི་ཡི་མི་བུ་ཀླུ་ཡི་སྲས་མོའམ།།ཀླུ་ཡི་མི་སྲས་ནམ་མཁའི་ལྷ་མོ་གང་།།དེ་ཚེ་སྟག་དང་གཡག་རྒོད་སེང་གླང་བཞིས།།མནན་ཏེ་གཤེགས་པའི་ཤིང་རྟའི་བགྲོད་མཚམས་བཞག།སྟེང་འོག་ལྷ་ཀླུའི་རོལ་མོས་བསུ་བ་ཡང་།།མཚམས་སུ་ཆད་དེ་ཐམས་ཅད་ཅམ་མེར་ལྷག།རྒྱལ་ཁམས་ཀུན་ནས་བཙལ་བས་རྙེད་མ་གྱུར།།ཕྱོགས་སུ་གཤེགས་པའི་ལམ་ནས་ཐོལ་གྱིས་འཕྲད།།ལས་འཕྲོའི་མེ་ཏོག་ཟེར་བ་འདི་འོ་ཞེས།།ལྐོག་གྱུར་གསང་བའི་གནས་ཤིག་དེ་གར་བསྟན།།ལྷ་དང་སྲིན་པོ་འདུས་པའི་སོ་མཚམས་སུ།།བུ་མོ་ཡར་ལ་ཕུལ་ཡང་མ་བཞེས་པར།།མངན་མཚང་ཚུར་ལ་བགྲངས་ཏེ་བཞག་མཛད་པ།།འཕྲད་པའི་རྟེན་འབྲེལ་རྗེས་ལ་མེད་དམ་ཅི།།ཕ་བུ་མངན་མཚང་བགྲངས་བས་ཡིད་མུག་ཅིང་།།མ་ནི་བུ་མོ་མ་འཕྲོད་ངུ་ཤོར་དུས།།བུ་མོ་སྲས་ཀྱིས་སྨྲས་པའི་མཚང་ཚིག་ལ།།མཚར་ནས་ཟུར་དུ་དགོད་པ་འདི་ཅི་ཞིག།ལྷ་མོའི་དེ་ཡི་སེམས་ལ་ལྷ་བུ་ཡོད།།ལྷ་སྲས་ཐུགས་ལ་ལྷ་མོར་འཕྲད་འདོད་ཡོད།།མི་ཡི་ཡུལ་ན་ལྷ་སྲས་ཕོ་མོ་གཉིས།།དུང་བའི་ས་བོན་འདི་ནས་བཏབས་ཤིང་སྨིན།།བར་པོ་སོ་བརྒྱད་མཁར་གྱི་ཡང་རྩེ་རུ།།ལྷ་ཡི་མེ་ཏོག་ཟུང་གཅིག་ལྷན་དུ་འཛོམས།།ལྷ་མི་འགྲོ་བའི་བསོད་ནམས་དཔལ་དུ་རྫོགས།།འཇིག་རྟེན་གསུམ་ལ་དགེ་བའི་འོད་སྣང་རྒྱས།།མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་སྲས།།མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་མ།།དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་ས་ན།།ཐབས་ཤེས་ཉི་ཟླའི་འོད་ཀྱི་གུར་ཁང་ཕུབ།།
[/su_animate] [/su_tab]
[su_tab title=”སྐུ་སྐྱེ་བ་བཞེས་པ།”] [su_animate type=”fadeInUp”]
སྟོན་པ་ཞིག་གི་བསྟན་པའི་འགྲོ་དོན་གྲུབ།།བརྒྱ་པའི་མགོན་པོ་འབྱོན་པའི་དུས་སུ་རན།།ལྷ་གཤེན་སྲིད་གསུམ་འགྲོ་བའི་དོན་དུ་འཛོམས།།ཁྱེའུ་གསལ་བ་སྟོན་པའི་སྒྲོན་མེར་གཤེགས།།རི་རབ་རྩེ་ནས་གླིང་བཞི་ཀུན་ལ་གཟི༵གས།།གཟི༵གས་དགོངས་དུ་མས་འགྲོ་བའི་དོན་ལ་སྤྲུལ༵།།སྤྲུལ༵་པའི་སྟོན་པ་གཤེན་རབ་མི་བོ་ཆེ༵།།ཆེ༵་མཆོག་རྒྱལ་པོ་དམུ་ཡི་སྲས་སུ་འཁྲུངས།།ལོ་རྒྱལ་ཤིང་བྱིའི་དཔྱིད་ར་ཟླ་བའི་ནང་།།བཅོ་ལྔའི་ཉ་ཡི་ནམ་ལང་ཡོས་ལ་སྟེ།།རྒྱལ་ཕུར་འཛོམས་པའི་བཅོ་ལྔའི་ཉ་གང་ལ།།སངས་རྒྱས་ཞིང་དུ་བྱོན་པའི་དུས་བཟང་ཤར།།སངས་རྒྱས་འཁྲུངས་པའི་གསུང་སྙན་ཁུ་བྱུག་བཞིན།།ལྷང་ལྷང་གྲགས་པས་འཇིག་རྟེན་གསུམ་གྱིས་ཐོས།།ལྷ་ཀླུ་མི་ཡི་འགྲོ་ཀུན་སྤྲོ་བ་སྐྱེས།།གཡེན་ཁམས་སོ་གསུམ་དེ་ཡང་དོག་ལ་བབས།།ནམ་མཁའི་དབྱིངས་ནས་ཡར་གཡེན་བཅུ་གསུམ་བྱུང་།།བར་སྣང་ཁམས་ནས་བར་གཡེན་གཏོད་དགུ་བབས།།ས་གཞིའི་སྟེང་ནས་ས་གཡེན་བཅུ་གཅིག་ལྡང་།།བར་པོ་སོ་བརྒྱད་མཁར་གྱི་སྒོ་ལ་འཛོམས།།གཤེན་རབ་མི་བོ་འགྲོ་བའི་སྒྲོན་མེ་མཛད།།ཡེ་གཤེན་བཅུ་གསུམ་འཁོར་གྱིས་རབ་ཏུ་བསྐོར།སངས་རྒྱས་བོན་གྱི་བསྟན་པ་རྒྱ་ཆེ་བ།།གདུལ་བྱ་འགྲོ་བའི་དོན་དུ་ཡོངས་སུ་བསྟན།།
[/su_animate] [/su_tab]
[su_tab title=”སྐུ་གསུང་ཐུགས་ཀྱི་མཛད་པར་བསྟོད་པ།”] [su_animate type=”fadeInUp”]
ཤམ་པོ་ལྷ་རྩེའི་གསས་ཀྱི་མཁར་ནང་ནས།།སུམ་བརྒྱ་དྲུག་ཅུའི་བོན་གྱི་སྒོ་མོ་ཕྱེས།།ཕྱི་ནང་གསང་གསུམ་འཁོར་གྱི་གདུལ་བྱ་ལ།།བརྒྱད་ཁྲི་བཞི་སྟོང་བཀའ་ཡི་འཁོར་ལོ་བསྐོར།།ལྷ་ཀླུ་མི་ཡི་འཇིག་རྟེན་རྣམ་གསུམ་ལ།།བསྒྲག་པ་གསུམ་གྱི་པེའུ་ཙེ་ཁྱེད་ཀྱིས་བསྟན།།རིགས་དྲུག་གནས་སུ་འཁོར་བའི་སེམས་ཅན་ལ།།འདུལ་བ་གཤེན་རབ་དྲུག་ཏུ་ཁྱེད་ཀྱིས་སྤྲུལ།།གདུལ་བྱ་སེམས་ཅན་བློ་ཡི་རིམ་པ་ལ།།ཐེག་པ་རིམ་དགུའི་རྣམ་བཞག་ཁྱེད་ཀྱིས་ཕྱེས།།ཉོན་མོང་དུག་ལྔའི་དབང་དུ་གྱུར་པ་ལ།།སྒོ་བཞི་མཛོད་ལྔའི་བསྟན་པ་ཁྱེད་ཀྱིས་བཞག།བདུད་དང་སྲིན་པོ་ལོག་པའི་བར་ཆོད་ལ།།ཕ་རོལ་ཕྱིན་བཅུའི་གོ་ཆ་ཁྱེད་ཀྱིས་བགོས།།ཚད་མེད་རྣམ་བཞིའི་དམག་གི་དཔུང་བཀྱེས་ནས།།རྒྱལ་ཁམས་མ་ལུས་བདེ་ལ་ཁྱེད་ཀྱིས་བཀོད།།ལྟ་བ་མཐོན་པོའི་ཡས་ནས་དབུ་ཕུབ་ཅིང་།།སྤྱོད་པ་དམའ་མོ་མས་ཡར་སྐྲས་ལ་འཛེག།སྙིང་རྗེས་གཞི་བྱས་ཕ་རོལ་ཕྱིན་བཅུར་སྤྱོད།།ཚིག་བཞིའི་མདོ་འདི་ཁྱེད་ཀྱི་ཞལ་ཏ་ཡིན།།དང་པོ་ཞི་བའི་ལས་ཀྱི་སྤ་རེ་བཀོང་།།དེ་ཡིས་མ་ཐུལ་དྲག་པོས་ཚར་དུ་གཅོད།།ཞི་རྒྱས་དབང་དྲག་བཞི་ཡི་ལས་བསྒྲུབས་པ།།འདི་ནི་ཁྱེད་ཀྱི་འགྲོ་བ་འདུལ་ལུགས་ཡིན།།སེམས་ཅན་ཐམས་ཅད་ཆ་མཉམ་མི་འཇོག་པར།།གཅིག་གསོ་གཅིག་གསོད་བྱ་བའི་བོན་དེ་ནི།།ལོག་པ་ཡིན་པས་བྱ་རུ་མི་རུང་ཞེས།།འདི་ནི་ཁྱེད་ཀྱི་ཞལ་གདམས་དྲོན་མོ་ཡིན།།བདུད་ལས་དཔའ་བའི་ས་བོན་འབྲུ་ལྔ་ལས།།རྩལ་དང་རོལ་པའི་འཕྲིན་ལས་མ་འགག་པར།།འཕྲུལ་ཆེན་ཡི་གེ་བཞི་བཅུ་རབ་ཏུ་སྤྲོས།།འདི་ནི་ཁྱེད་ཀྱི་ཐབས་དང་ཐུགས་རྗེ་ཡིན།།འཁོར་བའི་འདམ་དུ་པད་མའི་འདབ་མ་ལྟར།།རྣམ་དག་ཚུལ་ཁྲིམས་གཙང་མའི་ངུར་སྨྲིག་མཛེས།།ལྷ་ཡི་ནབ་བཟའ་པད་ལོ་རིས་དྲུག་འདི།།བཟང་ཟ་ཡུམ་ལ་དངོས་གྲུབ་ཁྱེད་ཀྱིས་ཞུས།།རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱིས།།དཀར་ནག་བཀྲ་གསལ་གསས་ཁང་བཞེངས་པ་ལ།།སྲིན་གྱིས་བར་དུ་གཅོད་པ་མཚམས་བཅད་དེ།།བསྟན་པ་རྣམ་གསུམ་རྗེས་བཞག་ཁྱེད་ཀྱིས་མཛད།།ཁྱེད་ཀྱི་ཐུགས་རྗེ་ཀུན་ཁྱབ་ཉི་མ་ཡིས།།རིས་མེད་འགྲོ་བའི་སྡུག་བསྔལ་མུན་པ་གཞོམ།།ཁྱེད་ཉིད་གཤེགས་ཤུལ་སྐད་ཅིག་ལམ་ལ་ཡང་།།འགྲོ་བ་ཆབ་ཀྱི་གྲམ་ཙམ་ཐར་པར་འདྲེན།།རྫུ་འཕྲུལ་སྟོབས་ཀྱིས་གླིང་གཞི་ཀུན་ལ་གཤེགས།།གང་ལ་གང་འདུལ་བོན་སྒོ་ཇི་སྙེད་བསྟན།།གདུལ་བྱ་མཐའ་ཀླས་སྨིན་དང་གྲོལ་བར་མཛད།།གཤེན་རྒྱལ་སྟོན་པ་སྲིད་པའི་མངའ་བདག་ཆེ།།སངས་རྒྱས་འཁྲུངས་པའི་དུས་ཆེན་ཉིན་མོ་འདིར།།ཚིག་སྦྱོར་ཞན་ཡང་རྟོགས་བརྗོད་རིང་བྲིས་ཤིག།ཚེགས་ཀྱིས་བསྒྲིག་སྟེ་འདི་ལྟར་སྤེལ་བ་ནི།།སྐྱབས་མཆོག་སྟོན་པ་གཤེགས་ནས་ཡུན་རིང་དྲགས།།བཀའ་དྲིན་དག་ཀྱང་ད་ནི་རིམ་བརྗེད་དེ།།གོ་མེད་ཚོར་མེད་ངང་དུ་མ་གྱུར་པར།།ད་དུང་གདུང་ཤུགས་རྦ་རླབས་དྲག་པོ་ཞིག།སྙིང་དང་གློ་མཆིན་གསེང་ནས་འཕྱུར་བཞིན་དུ།།འཁྲུངས་མཆོད་རྒྱ་ཆེར་བསུ་བ་མཚོན་ཕྱིར་ཡིན།།
___ཞེས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཉིད་འགྲོ་བའི་དོན་དུ་སྐུ་སྐྱེ་བ་མི་རུ་བཞེས་ཏེ་མི་ལོ་༡༨༠༣༢ཟིན་པའི་འཚམས་འདི་ནས་མཆོག་གི་འཁྲུངས་མཆོད་ཆེན་མོའི་ཉིན་འདིར། གཤེན་གྱི་སྐྱབས་འོག་པ་ཚུལ་ཁྲིམས་དྲི་མེད་ཀྱིས་ཕུལ་བའོ།། །།
[/su_animate] [/su_tab]
[/su_tabs]