མདོ་ལུགས་རྐྱང་པའི་ཉམས་ལེན་ལ་བརྟེན་ནས་འཇའ་ལུས་འགྲོ་མཁན་ཡོད་དམ།
རྩོམ་བྲིས་པ། དགེ་བཤེས་ཁྲི་རྒྱལ། དྲི་བ་གཏོང་མཁན། བསྟན་རབ།
དྲི་བ། ནམ་རྒྱུན་འཇའ་ལུས་བཤད་སྐབས་མང་ཕལ་ཆེར་རྫོགས་པ་ཆེན་པོའི་འཇའ་ལུས་སོགས་གསུང་གིན་འདུག འོ་ན་མདོ་མཚན་ཉིད་ཐེག་པའི་ལྟ་སྤྱོད་ཁོ་ནས་འཇའ་ལུས་འགྲོ་མི་ཐུབ་བམ།
ལན། བོན་རང་ལུགས་ལ་ལྟར་ན་རྒྱུ་མཚན་ཉིད་ཐེག་པའི་ལྟ་སྒོམ་སྤྱོད་གསུམ་ཁོ་ན་ལ་བརྟེན་ནས་འཇའ་ལུས་འགྲོ་མི་ཐུབ་པར་སེམས། ཅིའི་ཕྱིར་ཞེ་ན་འཇའ་ལུས་འགྲོ་བྱེད་ཀྱི་ཐབས་སམ་ནུས་པ་སྟེ་རང་བཞིན་ཀ་དག རྣམ་པ་ལྷུན་འགྲུབ། ངོ་བོ་ལུང་མ་བསྟན་པ། ཀུནད་ལ་ཁྱབ་མཉམ་དུ་གནས་པ། རྟོགས་མ་རྟོགས་ཀྱི་ཁྱད་པར་ཆེ་བའི་གནས་ལུགས་ངོ་བོ་སྟོང་བ། རྣམ་པ་གསལ་བ། རིག་པ་དྲང་སེང་ངེ་བའི་རང་རིག་རང་གསལ་གྱི་བཞེངས་བཞུགས་གཡོས་བསྐྱོད་མི་མངའ་བའི་ཡེ་ཤེས་གསང་མཛོད་ཆེན་མོ་དེ་ཉིད་མདོ་མཚན་ཉིད་ཐེག་པས་རྟོགས་མི་ཐུབ་པའི་ཕྱིར་ནའོ། །གཞན་སྡེས་འཇའ་ལུས་ཞེས་པ་སྨྲས་ཀྱང་སྒྲ་མཐུན་དོན་འཕགས་ཀྱི་ཁྱད་ཡོད་པར་སེམས། །