མདོ་ལུགས་གཞིར་བཞག་ཚོགས་སྦྱོར་མཐོང་སྒོམ་མི་སློབ་རྣམས་ཀྱི་འགྲེལ་བཤད་ཇི་ལྟར་ཡིན།
རྩོམ་བྲིས་པ། ཁྱུང་ཡེ་ཤེས། དྲི་བ་འདོན་མཁན། གདམས་ཁྲོད་པ།
དྲི་བ། མདོ་ལུགས་གཞིར་བཞག ལམ་གྱི་རིམ་པ་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་ལྔ་པོ་དེ་རེ་རེའི་འགྲེལ་བཤད་སྙིང་བསྡུས་ཁ་གསལ་ཞིག་གསུང་རོགས་ཞུ།
ལན། རིགས་ངེས་གཞི་བཞག་ལ་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱངས་པའི་མཐར་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་བཅོས་མིན་གྱི་མྱང་བ་ཐོན་པ་ནས་ཐེག་ཆེན་ཚོགས་ལམ་འགོ་ཚུགས་པ་ཡིན་ཞིང་དེ་ཡང་སྟོང་ཉིད་ཐོས་བསམ་ཚུལ་གྱིས་གསར་དུ་རྟོགས་ནས་སྟོང་ཉིད་དོན་སྤྱིའི་རྣམ་པ་ལ་གསལ་སྣང་ཐོབ་པ་འམ་སྟོང་པ་ཉིད་ཀྱི་སྟེང་དུ་ཞི་ལྷག་ཟུང་འབྲེལ་མ་གྲུབ་བར་གྱི་ཉམས་ལེན་དག་ཚོགས་ལམ་དང་། སྟོང་ཉིད་ལ་སྒོམ་བྱུང་གི་ཤེས་རབ་བམ་ཞི་ལྷག་ཟུང་འབྲེལ་ཐོབ་པ་ནས་སྟོང་ཉིད་མངོན་གསུམ་གསར་དུ་མ་རྟོགས་བར་གྱི་ཉམས་ལེན་དག་ཐེག་ཆེན་སྦྱོར་ལམ་ཡིན་ཞིང་། སྟོང་ཉིད་མངོན་གསུམ་གསར་དུ་རྟོགས་པ་དེ་ཉིད་ཐེག་ཆེན་མཐོང་ལམ་ཡིན་ལ། སྟོང་ཉིད་མངོན་སུམ་གསར་དུ་རྟོགས་པའི་སྐད་གཅིག་གཉིས་པ་ནས་རྣམ་མཁྱེན་ཡེ་ཤེས་རྒྱུད་ལ་མ་སྐྱེས་བར་གྱི་ཉམས་ལེན་དག་ཐེག་ཆེན་སྒོམ་ལམ་ཡིན་ནོ།།
ཡང་ན་སྟོང་ཉིད་ལ་ཐོས་བསམ་གཙོ་བོར་བྱས་པའི་ཆ་ནས་ཚོགས་ལམ་དང་སྒོམ་བྱུང་གཙོ་བོར་བྱས་པའི་ཆ་ནས་སྦྱོར་ལམ། སྟོང་ཉིད་མངོན་སུམ་གསར་དུ་རྟོགས་པའི་ཆ་ནས་མཐོང་ལམ་དང་། སྟོང་ཉིད་ལ་འདྲིས་པའི་ཆ་ནས་སྒོམ་ལམ། མི་སློབ་ལམ་ནི་སློབ་ཏུ་མེད་པའི་ལམ་སྟེ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མཁྱེན་པ་དག་ཡིན་ཞིང་དེ་ཡང་ལམ་གྱི་འབྲས་བུ་ཡིན་པའི་ཆ་ནས་ལམ་ཞེས་བརྗོད་པ་ལས་ལམ་དངོས་མ་ཡིན་ནོ་ཞེས་དྲྭ་གྲོགས་རྣམ་པར་ས་མིག་མ་སྟོང་ཙམ་ཞིག་ཞུས་པ་ཡིན་ལགས། །