མདོ་མཚན་ཉིད་ཐེག་པའི་ལུགས་ལ་སྟོན་པ་གཤེན་རབ་མཆོག་གིས་དཀའ་སྤྱད་དང་བཀའ་འཁོར་ཇི་ལྟར་བསྐོར་བ་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
དྲི་བ། མདོ་མཚན་ཉིད་ཐེག་པའི་ལུགས་ལ་སྟོན་པ་གཤེན་རབ་མཆོག་གིས་དཀའ་སྤྱད་དང་བཀའ་འཁོར་ཇི་ལྟར་བསྐོར་བ་ཡིན་ནམ།
ལན། བདག་ཅག་གི་སྟོན་པས་དང་པོ་ཐེག་པ་ཆེན་པོའི་རིགས་དང་མཐུན་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མ་མངོན་པར་རྫོགས་པའི་སངས་རྒྱས་ཏེ། མཛད་བསྟོད་ལས། “ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོར་བཏབ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། །སྤང་རྟོགས་མཐར་ཕྱིན་མངོན་པར་སངས་རྒྱས་ཀྱང་། །འགྲོ་ལ་རྣམ་བརྩེས་གཟིགས་ཚད་ལྔ་དགོངས་ནས།” །ཞེས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མ་མངོན་པར་རྫོགས་པའི་སངས་རྒྱས་ཤིང་འགྲོ་བའི་དོན་དུ་བཀའ་ལུང་བྱེ་མའི་གྲངས་སུ་མཉམ་པར་བཤད་ཀྱང་། མདོར་བསྡུས་ན། བཀའ་འཁོར་རིམ་པ་གསུམ་དུ་འདུ་བ་སྟེ། མདོ་ལས། “དང་པོ་དྲང་དོན་ཀུན་རྫོབ་ཀྱིས། །རིག་པའི་གནས་དང་བསྟན་པའི་བོན། དང་པོ་གསུང་བའི་བཀའ་ལུང་ངོ་། །བར་པ་དྲང་ངེས་ཟུང་འབྲེལ་གྱིས། །སྒོ་བཞི་མཛོད་དང་ལྔ་རུ་གསུངས། །ཐ་མ་དོན་དམ་བདེན་པ་ཡིས། །ཕྱི་ནང་གསང་བ་གསུམ་དུ་གསུངས། །”ཞེས་གསུངས་པ་ལྟར་ཡིན་ནོ།།