མཆོད་པ་རྣམ་ལྔའི་ཕན་ཡོན་སོགས་ཇི་ལྟར་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། ལྡོང་སྐྱ་ལི།
དྲི་བ། ནམ་རྒྱུན་དགོན་པ་དང་ཁྱིམ་ཁང་གི་མཆོད་གཤམ་རྣམས་སུ་མཆོད་པ་རྣམ་ལྔ་ཞེས་པ་འབུལ་སྲོལ་ཡོད་པ་དེའི་བྱུང་རིམ་དང་ཕན་ཡོན་སྐོར་གསུང་རོགས།
ལན། བོན་ལུགས་སུ་མཆོད་པ་རྣམ་ལྔའི་སྐོར་བཀའ་དང་བཀའ་བརྟེན་རྣམས་སུ་གྲངས་མེད་བཞུགས་ཀྱང་ཡོངས་གྲགས་གོ་སྟབས་བདེ་ཤོས་མདོ་གཟེར་མིག་ལས་དྲངས་པའི་གཡུང་དྲུང་ཀློང་རྒྱས་ཀྱི་རྣམ་ལྔ་དེ་དག་ཡིན་པས་སྐབས་འདིར་དྲངས་ན། འདིའི་སྐབས་སུ་མཆོད་པ་རྣམ་ལྔའི་བྱུང་རིམ་ནི་སྔོན་གཤེན་ཟ་ནེའུ་ཆུང་བདུད་ཀྱིས་བསླུས་ནས་བདུད་ཡུལ་དུ་བདུད་ཕྲུག་སྟག་བུ་ཐུང་དང་གཟིག་བུ་ཐུང་གཉིས་སྐྱེས། དེ་རྗེས་སྟོན་པས་ནེའུ་ཆུང་སོགས་ལ་འཁོར་བར་བློ་ལྡོག་པའི་བོན་འཆད་ནས་ནེའུ་ཆུང་བདུད་ཀྱི་རྗེས་སུ་འབྲེངས་བར་འགྱོད་བཤགས་སུ་གསས་མཁར་ཤམ་པོ་ལྷ་རྩེ་ལ་མཆོད་པ་རྣམ་ལྔ་འདི་ཕུལ་བ་ཡིན།
མར་མེ་ནི།
མར་མེ་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། །མར་ཁུའི་རྒྱུན་གྱིས་ཚ་བའི་དམྱལ་བ་བསིལ། །སྡོང་བུ་འོད་ཀྱིས་གྲང་བའི་དམྱལ་བ་དྲོ། །མེ་ལྕེ་སྒྲོན་མས་འཁོར་བའི་མུན་པ་འཇོམས། །གསལ་བ་འོད་ཀྱི་དབྱིངས་སུ་ཤུལ་དྲོངས་ལ། །ཞེས་གསུངས་པ་ལྟར། མར་མེའི་མཆོད་པ་ཕུལ་བས་ན་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་བའོ། །
སྤོས་ནི།
སྤོས་དྲི་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། །སྦྱར་སྤོས་དཔུང་གིས་ཡི་དྭགས་བཀྲེས་པ་ཚིམ། །དྲི་མཆོག་ཞིམ་པས་ཡི་དྭགས་སྐོམ་པ་ངོམ། །མེ་མདངས་འོད་ཀྱིས་མ་རིག་མུན་པ་བཅོམ། །དུད་པ་རྒྱུན་གྱི་དབྱིངས་སུ་ཤུལ་དྲོངས་ལ། །ཞེས་གསུངས་པ་ལྟར། སྤོས་དྲི་མཆོད་པ་ཕུལ་བས་ཡིད་དྭགས་ཀྱི་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བའོ། །
ཡོན་ཆབ་ནི།
རྩི་སྨན་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། །རྩིའི་འོ་མས་བྱོལ་སོང་གླེན་པ་དྲན། །སྨན་དང་ཆུ་བོའི་བྱོལ་སོང་ལྐུགས་པ་སྨྲས། །དཀར་བའི་མདངས་ཀྱིས་འཐིབ་པའི་མུན་པ་བསལ། །རླངས་པ་རྒྱུན་གྱི་དབྱིངས་སུ་ཤུལ་དྲོངས་ལ། །ཞེས་གསུངས་པ་ལྟར། ཡོན་ཆབ་བམ་རྩི་སྨན་གྱི་མཆོད་པ་ཕུལ་བས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་ཞི་བའོ། །
ཞལ་ཟས་ནི།
ལྷ་སངས་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། །འབྲུ་གཙང་ཆུ་བོས་བསྡུས་པས་མིའི་འདོད་པ་ཚིམས། །རྩི་བཅུད་མར་གྱིས་སྐུས་པས་མཐའ་འཁོབ་འདོད་པ་ཚང་། །དྲི་གདའ་རླངས་ཀྱིས་འཕོ་འགྱུར་སྡུག་བསྔལ་བདེ། །རྭའི་དབལ་སོས་དབྱིངས་སུ་ཤུལ་དྲོངས་ལ། །ཞེས་གསུངས་པ་ལྟར། ལྷ་སངས་སམ་ཞལ་ཟས་ཀྱི་མཆོད་པ་ཕུལ་བས་མཐའ་འཁོབ་མི་ཡི་སྡུག་བསྔལ་ཞི་བའོ། །
མེ་ཏོག་ནི།
མེ་ཏོག་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། །དྲི་མ་མེད་པས་ལྷ་མིན་སྐྱོན་དང་བྲལ། །འོད་དུ་འབར་བས་ལྷ་མིན་ཁོང་ཁྲོ་ཞི། །པད་མ་རྒྱས་པས་ལྷ་མིན་མཚོན་དབལ་ཡལ། །སྦུ་གུར་དོད་པའི་དབྱིངས་སུ་ཤུལ་དྲོངས་ལ། །ཞེས་གསུངས་པ་ལྟར། མེ་ཏོག་གི་མཆོད་པ་ཕུལ་བས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞིའོ། །
སྤྱིར་མཆོད་པ་རྣམ་ལྔ་འདི་ནི་སེར་སྣས་སྒྲོག་ཏུ་འཆིང་མི་དགོས་པ་དང་རྒྱུ་འབྱོར་ཡོད་མེད་ལ་མ་ལྟོས་པར་འབུལ་ཆོག་པས་ན་ཤིན་ཏུ་ནས་གལ་ཆེ་བ་ཡིན། ཡང་དེང་སང་འགའ་ཞིག་གིས་དཀོན་མཆོག་ལ་གསོལ་ཟས་དང་རྒྱན་གོས་འབུལ་ན་ཕན་ཐོགས་གང་ཡོད་མི་ཤེས། ཡར་ཕུལ་ནའང་དེར་རང་ལྷག་སྡོད་ཀྱིན་འདུག་ཟེར་མཁན་འདུག སྤྱིར་སངས་རྒྱས་རྣམས་ལ་བཟའ་བཏུང་དང་འཚོ་གོས་མི་དགོས་ཀྱང་། ལུང་ལས། བདེར་གཤེགས་སྐུ་ལ་སྒྲིབ་སྐྱེམས་མི་མངའ་ཡང་། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྐྱོན་གྱི་སྡིག་སྒྲིབ་བྱང་བའི་ཕྱིར། །གསུངས་པ་ལྟར། རང་ཉིད་ཀྱི་སྡིག་སྒྲིབ་སྦྱང་བའི་ཆེད་དུ་ཡིན་བསམ་པར་བྱ་དགོས་སོ། །
དེ་བཞིན་མཆོད་པ་རྣམ་ལྔ་གཤམ་སྐབས་ལུང་ལས་ཡོད་མེད་མ་མཇལ་ཡང་ཡོངས་གྲགས་མཆོད་ཁྲིའི་ཚད་ནི། སོ་སོའི་མིག་ཐད་ཙམ་ལ་དང་། མཆོད་རྫས་རྣམས་ཀྱི་བར་ཐག་ནས་འབྲུ་རེའི་ཚད་དང་། མཆོད་ཆ་རྣམས་ཡོ་གཟུར་དང་ཁ་གང་དམའ་མི་མཉམ་པ་སོགས་བྱ་མི་རིགས་སོ། །