མཁས་པ་སྒ་སྟོན་གྱི་རྣམ་ཐར་མཇལ་རྒྱུ་ཡོད་དམ།
དྲི་བ་གནང་མཁན། མུ་མར་གསེར་རྒོད། ལན་འབུལ་མཁན། སྤྱི་ཁྱབ་རྩོམ་སྒྲིག་པ།
དྲི་བ། མཁས་པའི་དབང་པོ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་རྣམ་ཐར་ཡོད་དམ། གལ་ཏེ་ཡོད་ན་རྒྱས་བསྡུས་དུ་ཙམ་ཡོད།
ལན། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས་ཞིག་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་(བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་) ནང་གསལ་བ་ལྟར་གཤམ་དུ་ཕུལ་ཡོད།
” དེ་ནས་མཁས་བཙུན་རྒྱལ་བ་རིན་པོ་ཆེའི་དུས་ཙམ་ན་སྒ་སྟོན་བྱ་བྲལ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་འཆད་རྩོད་རྩོམ་པ་མང་དུ་མཛད་ཅིང༌། ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་བཤད་སྲོལ་བཏོད། ཁོང་འཁྲུངས་ཡུལ་རྒྱལ་རོང་ཆུ་ཆེན་གྱི་ཕྱོགས་སུ་རང་གྲོལ་བྱ་བའི་བླ་མ་བཟང་པོ་ཞིག་གྲོངས་པའི་གདུང་བསྲེག་ཤུལ་དུ་དགུན་ཟླ་འབྲིང་པོའི་སྒང་ལ་མེ་ཏོག་ངོ་མཚར་ཅན་བདུན་འཁྲུངས་པས་སྐྱེས་ཕྲེང་བདུན་ལ་བསྟན་འཛིན་བཟང་པོ་རེ་འབྱུང་ཟེར་བའི་རྟེན་འབྲེལ་འགྲིག ཕྱིར་ལོ་བླ་མ་དེའི་མཆེད་ཟླ་གེ་ཁོད་འབོད་པའི་ཤེས་རབ་ཆེ་བ་ཞིག་ཡོད་པས་དེའི་སྲས་སུ་འཁྲུངས།
གཞོན་ནུའི་དུས་ནས་གཞན་དང་མི་འདྲ་བའི་རྟགས། ཤིག་ལ་སྤུ་དང་སོ་སེན་ཡོད་པ་དང༌། སྲོ་མ་ལ་ཁ་མིག་དོད་པ་དང༌། སྤུ་དཀར་ནག་ལ་སྦུ་གུ་དང་ཁོང་གསེང་ཡོད་པ་མཐོང་སྐད་དོ། །ཅུང་ཟད་ནར་སོན་ཚེ་ཤེས་རབ་ཀྱི་སྟོབས་རྒྱས། དབུས་གཙང་ཕྱོགས་སུ་ཕེབས་ཏེ་སྟོད་ལུང་ཤེར་བཟང་དང༌། དར་ལྡིངས་ཀྱི་སློབ་དཔོན་བསོད་རིན་སོགས་ལས་སྡེ་སྣོད་མཐའ་དག་ལ་བློ་སྦྱངས་པས་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་ཀུན་ལ་མི་འཇིགས་པའི་བློ་གྲོས་ཐོབ། གསུང་རྩོམ་རྣམས་ལན་གཉིས་རེ་མཛད་པས་སྔ་རྩོམ་རྣམས་ནུབ། ཕྱི་རྩོམ་རྣམས་དར་བའོ། །གཡས་རུ་དབེན་ས་ཁར་ཕེབས་ནས་མཁས་བཙུན་རྒྱལ་བ་ལས་བོན་ཐུན་རེ་ཙམ་གསན། གཞུང་ཚིག་གི་སྒྲོས་གླེང་མཛད་སྐབས་ཁྱབ་པ་མ་གྲུབ་མང་ཙམ་གསུངས་པར་བརྟེན། མཚན་ཉིད་པ་རྣམས་ཀྱིས་སྟོན་པ་ཁྱབ་པ་མ་གྲུབ་ཅེས་འབོད་དོ། །དེ་ལ་ཐུགས་མ་མཉེས་ནས་གྲྭ་ས་སྙེ་མོ་བཟང་རི་ལ་བྱོན་ནས་སུམ་སྟོན་བཟང་པོའི་དཔལ་གྱི་དྲུང་དུ་བསྙེན་པར་རྫོགས། ཚུལ་ཁྲིམས་རྣམ་པར་དག་པ་ལ་གཅེས་སྤྲས་མཛད། རེ་ཤིག་ན་རྫོགས་ཆེན་ཡང་རྩེའི་དཔེ་ཆ་ཞིག་གཟིགས་ནས། ང་བོན་འདི་དང་འཕྲད་ཕྱི། ན་སོ་དར་བའི་དུས་འཕྲད་ན་ད་ཙམ་འཕུར་ནུས་པ་ཡོང་གསུངས་ནས་དེའི་ལྟ་དགོངས་རང་ལ་ཐུགས་གཏད། ཕྱིས་འབྲོག་ས་ཞིག་ཏུ་ལྡོམ་བུ་མཛད་པའི་དུས། ཤ་ཁྱི་མང་པོས་དེད་པའི་ཚེ་ཕྱག་གདེངས་ནས་བྱ་རྒོད་ཅིག་གི་མགྱོགས་བུལ་ཙམ་དུ་འཕུར་སོང་བ་ཕྱུགས་རྫི་མང་པོས་མཐོང་སྐད་དོ། །ཉིད་ཀྱི་ཞལ་སློབ་ཏུ་གྱུར་པ་ཀུན་མཁྱེན་ཤེར་འོད་དང༌། ཤེས་རབ་བློ་གྲོས་སོགས་མང་དུ་བྱོན་ཅིང༌། རོང་སྟོན་ཤཱཀྱ་རྒྱལ་མཚན་ཟེར་བའི་ཆོས་ཕྱོགས་ལ་གྲགས་ཆེ་བ་དེའང་སྒ་སྟོན་གྱི་སློབ་རྒྱུད་ཡིན་ནོ། །དེ་ལྟར་མཁས་བཙུན་བཟང་གསུམ་དང་ལྡན་པའི་སློབ་དཔོན་དེ་ནི་འདི་སྣང་བློས་བཏང་གི་བྱ་བྲལ་བ། གཏད་མེད་རང་གྲོལ་གྱི་བྱང་ཆུབ་སེམས་དཔའ། དཀའ་ཐུབ་དོན་དང་ལྡན་པའི་དྲང་སྲོང་ཡིན་ཏེ། སྐུ་ཡལ་དུས་བབ་དྲ་ནང་ན། ཡང་རྩེ་ཀློང་ཆེན་པོད་ཆུང་གཅིག་དང༌། ཧོས་རུ་གཅིག་ལས་གཞན་ཅི་ཡང་མི་འདུག་པས། དེ་ལ་གཟིགས་ནས། བྱ་བྲལ་ཟེར་ན་ང་འདྲ་བ་ཞིག་དགོས་པ་ཡིན་གསུངས་ནས་སྐུ་ཡལ། དེ་དུས་དགུན་གུང་ཡིན་ཡང་ས་ཆུ་ཐམས་ཅད་ལྷོད། རི་ལུང་ཀུན་ལ་མེ་ཏོག་རྒྱས་པ་སོགས་ཀྱི་རྟགས་བྱུང་ངོ༌། ། ” ཞེས་གསུངས་སོ།། །།