མཁས་པ་མི་བཞིའི་སྐོར་འདྲི་བཞིན་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཞང་གསས།
དྲི་བ། མཁས་པ་མི་བཞིའི་སྐྱེས་ཡུལ་དང་འཁྲུངས་ལོ་དུས་རབས་སོགས་གང་ཞིག་ཡིན་མིན་དང་། དེ་དག་ལ་ཞང་ཞུང་དང་ཕྲོམ། མེ་ཉག བོད་སོགས་ལ་མཁས་པ་ཞེས་གསུངས་པའི་ས་གནས་དེ་ཚོ་དེང་སང་གང་ཕྱོགས་སུ་ངོས་འཛིན་དགོས་པ་མཁྱེན་ལྡན་རྣམས་ཀྱིས་གསུང་ལན་གནང་རོགས་ཞུ།
ལན། མཁས་པ་མི་བཞི་ནི། ཞང་ཞུང་ལ་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་། སེ་ལ་མཁས་པ་ཤ་རི་ཨུ་ཆེན་དང་། ལྡེ་ལ་མཁས་པ་གྱིམ་ཚ་རྨ་བུ་ཆུང་། མེ་ཉག་ལ་མཁས་པ་ལྕེ་ཚ་མཁར་བུ་ཆུང་དང་བཞི་ཡིན།
དེ་དག་གི་འཁྲུངས་ལོའི་ཐད་མཁན་ཆེན་ཉི་མའི་བསྟན་རྩིས་ལྟར་སྟོང་རྒྱུང་སྐོར་ལ། “ རྒྱལ་གཤེན་མུ་ཁྲི་བཙད་པོ་བལྟམས།༼༣༠༣༥༽ དེ་ལ་ཀླུ་གཏེར་ ༩༨ ཕྲིས་བ་ཡིས། ཤིང་འབྲུག་སྟོང་རྒྱུང་མཐུ་ཆེན་བལྟམས།༼༢༩༣༧༽དེ་ལ་སྲིན་པོས་ ༩ ཕྲིས་བ་ཡིས། ཆུ་གླང་དིང་ཁྲི་བཙད་པོ་བལྟམས།༼༢༩༢༨༽ʼʼ ཞེས་གསུངས་པར་བརྟག་ན་ཕྱི་ལོའི་སྔོན་གྱི་ལོ་ ༩༧༦ ཡས་མས་ནང་ཁེལ་རྒྱུ་ཡོད་པ་འདྲ།
མཁས་པ་དེ་ཚོའི་མཚན་གྱི་དོན་ཕལ་ཆེར་བ་ཞང་སྐད་ཡིན་ལ་དེའི་གོ་དོན་དང་འགྲེལ་བཤད་སྐོར་སྐྱབས་སྟོན་ཁྲོ་འགྲེལ་ནང་དུ་གསལ་པོ་ཡོད་དྲན།
མཁས་པ་དེ་རྣམས་བྱོན་པའི་དུས་ནི་ཕལ་ཆེར་མཉམ་པོར་སྣང་སྟེ། དར་རྒྱས་གསལ་སྒྲོན་ལྟར་ན། སྟོང་རྒྱུང་གིས་སེ་ལྡེ་མེ་ཉག་གསུམ་ལ་བརྒྱུད་ཚུལ་ཞིག་གསལ་ཡོད་ལ། ད་དུང་བདལ་འབུམ་ལས། ʼʼཡུལ་བྱེ་མ་གཡུང་དྲུང་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་བོད་ཤ་རི་དབུ་ཆེན་ལ་བོན་སྡེ་ཁྲིད་བཤད་ཅིང་བསྒྱུར།ʼʼ ཞེས་གསུངས་པར་བརྟག་ན་ཤེས་ནུས།
སྤྱིར་བཏང་གོང་གི་སེ་དང་ལྡེ་སོགས་ནི་རུས་མིང་དང་ཡུལ་མིང་སོགས་ལ་གོ་ཚུལ་མཁས་པ་ཚོས་བཞེད་ཚུལ་མི་འདྲ་བ་ཡོད་པར་སྣང་བས། གལ་ཏེ་ས་མིང་ཡིན་ཚེ་དེང་གི་ལྗོངས་དང་ཞིང་ཆེན་གང་གི་ཁྱབ་ཁོངས་ཡིན་མིན་གསལ་པོར་ཞུ་ཐབས་དཀའང་མུ་མཐུད་དཔྱད་གླེང་ཞུ་ཆོག །