མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་སྐབས་སུ་ཆེ་བཞི་མཆོག་ལྔ་སྐོར།
རྩོམ་བྲིས་པ། གངས་སེང་། དྲི་བ་གཏོང་མཁན། མཁའ་དབྱིངས་ཀྱི་ལྷ་བྱ།
དྲི་བ། མ་རྒྱུད་ཐུགས་རྗེ་ཉི་མ་མི་ནུབ་ཐིག་ལེའི་འགྲེལ་ལས། “ལུང་ཆེན་པོ་སྡོང་པོ་དགུ་འདུས་ལས་སོགས་ལྟ་བའི་བོན་ཕ་རྒྱུད་ཀྱི་སྐུ་དང་བཀོད་པ་དང་། ཐེག་པ་ཆེན་པོ་ལས་སོགས་པ་བསྒོམ་པའི་བོན་མན་ངག་སེམས་རྒྱུད་ཀྱི་སྐུ་དང་བཀོད་པ་དང་། རྫོགས་པ་ཆེན་པོ་ལས་སོགས་སྤྱོད་པ་ལ་དོར་བའི་བོན་རིགས་ལྔའི་སྐུ་དང་བཀོད་པ་དང་། རྒྱུད་ཆེན་པོ་ལས་སོགས་པ་འབྲས་བུ་ཡོངས་གྲུབ་རུ་བཞི་དབལ་ལྔའི་སྐུ་དང་བཀོད་པ་དང་། གསས་མཁར་ཆེན་པོ་ལས་སོགས་པ་ཁྲོ་རྒྱལ་མཆོག་ལྔའི་སྐུ་དང་བཀོད་པ་དེ་དག་ཀྱང་རི་རབ་ལ་གསལ་བྱེད་ཉི་ཟླ་ཕྲུག་རེ་དགོས་པ་བཞིན་དུ་གདུལ་བྱ་རེའི་སྣང་བ་རེ་ལ་དགོངས་ནས་གསལ་བའི་སྐུ་དང་བཀོད་པར་བསྟན་ནོ། །”ཞེས་གསུང་པའི་སྐབས་སུ་དེ་རྣམས་ཀྱི་མཚན་གཞི་དཔེ་ཆ་གང་དང་གང་ངོས་འཛིན་གནང་དགོས་སམ། །
ལན། ཁྱེད་ཀྱི་དྲི་བ་དེ་ཆེ་བཞི་མཆོག་ལྔའི་སྐོར་རེད་འདུག དེ་ཡི་མཚན་གཞི་དཔེ་ཆ་རེ་རེ་ནས་ངོས་འཛིན་རྒྱུ་ཡོད། དེ་ནི་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ཞལ་ཁྲིད་ལྟར་། ལུང་ཆེན་པོ་སྡོང་པོ་དགུ་འདུས་ལས་སོགས་ལྟ་བའི་བོན་ཕ་རྒྱུད་ཀྱི་སྐུ་དང་བཀོད་པ་དང་། ཞེས་པ་ནི། སྡོང་པོ་དགུ་འདུས་ཟེར་བའི་དཔེ་ཆ་རྒྱ་གར་དཔར་མ་ཞིག་ཡོད། ཐེག་པ་ཆེན་པོ་ལས་སོགས་པ་བསྒོམ་པའི་བོན་མན་ངག་སེམས་རྒྱུད་ཀྱི་སྐུ་དང་བཀོད་པ་དང་། ཞེས་པ་ནི། རྫོགས་ཆེན་གབ་པ་དགུ་སྐོར། རྫོགས་པ་ཆེན་པོ་ལས་སོགས་སྤྱོད་པ་ལ་དོར་བའི་བོན་རིགས་ལྔའི་སྐུ་དང་བཀོད་པ་དང་། ཞེས་པ་ནི། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། རྒྱུད་ཆེན་པོ་ལས་སོགས་པ་འབྲས་བུ་ཡོངས་གྲུབ་རུ་བཞི་དབལ་ལྔའི་སྐུ་དང་བཀོད་པ་དང་། ཞེས་པ་ནི། བྱམས་མ་འབུམ་འབུམ་ལྔ། གསས་མཁར་ཆེན་པོ་ལས་སོགས་པ་ཁྲོ་རྒྱལ་མཆོག་ལྔའི་སྐུ་དང་བཀོད་པ་དེ་དག་ཀྱང་། ཞེས་པ་ནི། མ་རྒྱུད་གསས་མཁར་མཆོག་ལྔ་སྟེ། གསང་མཆོག་མཐར་ཐུག་རྒྱལ་པོ་དང་། གསང་མཆོག་གསང་བ་དབྱིངས་རོལ། ཆེ་མཆོག་དབལ་གསས་རྔམ་པ། གཙོ་མཆོག་ཁྲོ་རྒྱལ་མཁའ་འགྱིང་། ཁྲོ་མཆོག་འབྲུག་གསས་ཆེམས་པ་བཅས་སོ།། དེ་དག་གི་མཚན་གཞི་རིམ་བཞིན་དུ། མ་རྒྱུད་སངས་རྒྱས་རྒྱུད་གསུམ། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད། རྩ་རྒྱུད་གསང་བ་གསེན་ཐུབ། ཁྲོ་བོ་རྒྱུད་དྲུག ཕུར་པའི་རྒྱུད་དགུ་དེ་རྣམས་ཡིན། །