བྷེ་ཤོད་ཁྲམ་གྱི་ལོ་རྒྱུས་སྐོར་གསུང་རོགས།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། འབྲོག་ཁ་མང་།
དྲི་བ། བྷེ་ཤོ་ཏྲམ་གྱི་སྐོར་མཁྱེན་མཁན་ཡོད་ན་གསུང་རོགས།
ལན། སྤྱིར་བླ་མ་འདིའི་མཚན་ལ་འབྲི་སྟངས་མི་འདྲ་བ་མང་པོ་འདུག་ལ། དེའང་བྷེ་དང་སྦེ། ཤོ་དང་ཤོད། ཀྲམ་མམ། ཁྲམ། གྲམ། ཏྲཾ། རྣམས་རེད། སྤྱིར་བྷེ་ཞེས་པ་འདི་རུས་རྒྱུད་མིན་ནམ་སྙམ་སྟེ། རྒྱ་བོད་ཡིག་ཚང་ཆེན་མོའི་བོད་ཀྱི་རུས་རྒྱུད་འཆད་སྐབས་ ”ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དེ། །ཤར་ན་གྱི་དང་རོང་བོ་གཉིས། །ལྷོ་ན་བྷེ་དང་རི་ཐོ་གཉིས། །སྨད་ན་འབྲོམ་དང་ངོ་ཀྲོ་གཉིས། །” ཟེར་བ་མང་པོ་མཇལ་རྒྱུ་ཡོད།
འདིའི་སྐོར་གཞན་སྡེའི་ལོ་རྒྱུས་ཆེ་ཁག་རྣམས་སུ་ཆེར་མི་གསལ་ཡང་ཕྱིས་བྱུང་གི་ལོ་རྒྱུས་བོད་ཀྱི་ཡིག་གཟུགས་གྱི་འཕེལ་རིམ་བཤད་སྐབས། བྷེ་ཤོ་ཏྲམ་ནི་ཁྲི་སྲོང་སྐབས་སུ་མུ་ཏིག་བསྟར་ལ་རྒྱུས་འདྲའི་དབུ་ཅན་འབྲི་མཁན་དེ་ཡིན་པར་བཤད་ལ་མིང་གཞན་ལ་ཤཀྱ་དཀོར་ཡང་ཟེར་བར་བྲིས་ཡོད། དེའང་རི་འབུར་ངག་དབང་རྒྱ་མཚོའི་(བོད་ཡིག་ཡིག་གཟུགས་ཀྱི་ལོ་རྒྱུས་མདོར་བསྡུས།)ལས། “ དེའི་རྗེས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིག་གཟུགས་མཁས་པ་བྷེ་ཤོ་ཁྲམ་ཟེར་བས་བསམ་ཡས་ཀྱི་རྡོ་རིང་ཐོག་བརྐོས་པའི་ཡིག་གཟུགས་ལ་ ‘ མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ ‘ ཟེར།” ཞེས་དང་།
ཡང་(གནའ་སྔ་མོའི་ཡིག་མཁན་རྣམས་ཀྱི་མཛད་རྣམ་མདོར་བསྡུས།) ཞེས་པ་ལས། “ དེ་རྗེས་ཡིག་མཁན་རིམ་བྱོན་ནི། རིན་ཆེན་འབར། ཆབ་དཀར་བེའུ་ཚེ། དཀོན་མཆོག་དབང་། བྷེ་ཤོ་ཁྲམ་མམ་ཤཱཀྱ་དཀོར། ཚེ་སྤོང་བྱང་ཆུབ། འབྲེ་ཡོན་ཏན།” སོགས་གསལ།
བོན་གྱི་ལོ་རྒྱུས་འཆད་སྐབས་ཕྱི་ལོའི་སྔོན་གྱི་མི་ལོ་ ༥༥༢ ལ་སྙ་ཆེན་ལི་ཤུ་སྟག་རིང་དང༌། ཁྱུང་པོ་སྟག་སྒྲ་དོན་གཙུག བྷེ་ཤོད་ཀྲམ། གཅོ་ཁྲི་གཙུག་བཅས་བོད་ཀྱི་བོན་པོ་རིག་པ་གསལ་བ་བཞི་ལ་བོད་ཀྱི་རྒྱལ་པོས་ཞང་ཞུང་དུ་བོན་འཚོལ་བར་བཏང་ནས་གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་པ་བཞི་དང་སྟག་གཟིག་གི་མཁས་པ་གསུམ་ལ་སོགས་བླ་མ་མང་པོར་གཏུགས་ཤིང་བོན་གྱི་ཡང་བཅུད་ཁྲི་ཕྲག་མང་པོ་བསྣམས་ཏེ་ཏེ་སེ་བརྒྱུད་བོད་ཡུལ་དབུས་སུ་ཕེབས་ནས་བོན་རྣམས་རྗེ་ལ་གཟིགས་སུ་ཕུལ་ཞིང་བོད་སྐད་དུ་བསྒྱུར་ནས་སློབ་རྒྱུད་བསྐྱངས་ཏེ་མཁས་པ་གྲུབ་ཆེན་བཅོ་བརྒྱད་སོགས་ལ་བརྒྱུད་ཚུལ་འགའ་ཡང་བཤད་ཀྱི་འདུག་མོད། འདིར་ད་ལན་ཤེས་ལྡན་རྣམ་པའི་དཔྱད་གཞིའི་ཚུལ་དུ་ཞང་བོད་ཀྱི་ལོ་རྒྱུས་རྙིང་པ་རྣམས་སུ་འདིའི་སྐོར་ཇི་ལྟར་གསལ་བ་དེ་དག་འདིར་ལུང་འདྲེན་ཙམ་གཤམ་ནས་འཆད་རྒྱུ་ཡིན།
(སྲིད་པ་རྒྱུད་ཀྱི་ཁ་བྱང་ལས།) “མེས་ཨག་ཙོམ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། བློན་པོ་འགར་སྟོང་བཙན་ཡུལ་ཟུང་དང༌། དེ་རུ་ལྟང་ལྟོང་བཙན་པ་དང༌། འགར་བཙན་སྙ་ལྡོང་བུ་དང༌། བཙན་པ་དྲེག་པ་བཞི་ཡི་བྱ། སྐུ་བསྲུངས་གཤེན་ནི་བྷེ་ཤོད་ཁྲམ་དང༌། འགོས་ཁྲི་བཟང་ཡབ་ལྷག་དང༌། ངམ་སྟག་ར་ཀླུ་གོང་གསུམ་གྱིས་མཛད། ” ཞེས་དང་།
ཡང་དེ་ཉིད་ལས། “ཁྲི་ལྡེ་གཙུག་བཙན་ཡན་ཆད་དུ། རྒྱལ་སྲིད་གཡུང་དྲུང་བོན་གྱིས་བཙས། འཕངས་དང་དུས་སུ་གསོལ། སོ་ཁ་ཕྱིར་བསྟན་ནས་མོན་དང་སྟག་གཟིག་ལས་སོགས་དབང་དུ་བསྡུས། སྟག་གཟིག་པ་ཐག་ཤད་བསྡུས་ནས་སྟག་གཟིག་བོན་པོ་དེ་བཟང་རྦ་ལི་གི་ཁ་མནན། འཇང་ཚ་འཁན་སྣ་ཡི་འཇང་གི་ཁ་མནན་ནོ། །སྤེ་ནེའུ་ཡི་བྱང་ཕྱོགས་ཇ་ལ་མངའ་གསོལ་ཏེ། བྱང་ཕྱོགས་ཧོར་ཀྱང་བཏུལ། ག་གན་སྙིང་ཀྲུས་བྲེལ་བཏྲལ། ག་དུན་འབངས་སུ་བཅད། ཕྲོམ་བོན་མཐུ་ཆེན་གྱིས་ཕྲོམ་གྱི་ཁ་ཡང་མནན། ཡང་བྷེ་ཤོད་གྲམ་གྱི་ཤམ་པོ་ཀླུ་དཔལ་ངར་བཏགས་ཏེ། རྒྱ་ནག་གི་ཁམས་ཀྱང་བཏུལ།” ཞེས་གསལ།
ཡང་དེ་ཉིད་ལས། “ ཡང་རྗེའི་(ཁྲི་སྲོང་སྐབས)ཞལ་ན་རེ། ཁྱེད་བོན་པོ་རྣམས་ནི་མཐུ་རྩལ་ཆེ། བདག་ནི་དབང་ཆེ། བན་དྷེ་དགེ་འདུན་རྣམས་ནི་གདུག་སེམས་ཆེ་བས། ལན་གཅིག་ང་ལ་དོ་བསྡོ་སྲིད་པས། ཁྱེད་རྣམས་ཀྱིས་བོན་སྒོ་འགའ་རེ་ཁྱེར་ལ། བོད་ཡུལ་ལ་འདས་པར་གཤེགས་ཅིག་གསུངས། དེར་སྤེའུ་ནེའུ་དང་བྷེ་ཤོད་གྲམ་དང༌། ལྷ་རུ་བསེ་གཡག་དང་བུ་ལྷུན་ཁྲ་འཛིན་དང་བཞི་ཡིས། རྗེ་ལ་བཟློག་པའི་རྐོ་ལོང་ལ༑ བསེ་འདན་དཀར་དང༌། རྔ་གཤང་ཕྲུགས་གཅིག་བརྫངས་ཏེ། གྲུ་ནང་དུ་བཅུག་ནས་མར་ཆུའི་གཞུང་ལ་བསྐྱོན་ཏེ་བཏང༌།” སོགས་བོན་གཤེན་རྣམས་ཀྱིས་སོར་སོར་སྨོན་ལམ་བཏབ་པའི་ལོ་རྒྱུས་རྒྱས་པ་གསལ།
ཡང་གོང་གསལ་སྲིད་རྒྱུད་ལས་བྷེ་ཤོད་ཁྲམ་གྱིས་མཐུ་བསྔགས་བརྒྱབ་ནས་བོད་ཀྱི་རྒྱལ་པོ་བསྙུང་བའི་ལོ་རྒྱུས་ཡ་མཚན་པོ་ཞིག་བྲིས་ཡོད་པར་འདིར་དྲངས་ན། “དུས་དེར་རྒྱལ་བོའི་(ཁྲི་སྲོང་)བུ་སྨད་གསུམ་པོ་ནི༑ འབྲོམ་ཟ་དཀར་མོ་དང་བུ་ཆེ་བ་མུ་ནེ་རིང་པོ་ཁྲིད་ནས། ཤུན་གྱི་བྲག་པོ་ཆེ་ལ་པད་འབྱུང་གི་སྤྱན་སྔ་རུ། རྗེ་ཡང་ཆོས་སྐོར་ཞུགས་པས། ཆོས་མཐའ་སྤེལ་བགྱི་བ་ལ། སླད་ན་ཚེ་སྤུངས་ཟ་རྒྱལ་མོ་ཡང༌། རྒྱལ་བོ་ཡིས་བོར་བ་ལ་སྙིང་ན་ནས། བོན་པོ་བྷེ་ཤོད་ཁྲམ་ལ་འདི་སྐད་ཞུས། རྗེ་ངན་པ་འདི་ཡིས་ང་བོར་དུ་མི་རུང་བའི་བུ་གསུམ་མ་ནི་བོར། ཁྱིམ་སྤང་དུ་མི་རུང་བའི་ལེའུ་པོ་ནི་སྤངས། ད་ཁྱེད་ལ་ནུས་མཐུ་ཡོད་ན་འདི་ལ་དམོད་དགོས་བྱས་པ་དང༌། བོན་པོ་ཡིས་ཀྱང་རྒྱལ་མོའི་ཐོ་ཅོ་ཡིན་དགོངས་ནས། བྷེ་ཤོད་ཁྲམ་ཆེན་པོ་ཡིས་ནི་མཐུ་མི་ཤེས་ཟེར། དེར་བོན་པོ་དོ་ནུབ་ཆང་གིས་ར་རོ་ཟིན་ནས། མཛོ་མོ་སྤུ་ཟན་མ་ཡི་ཕྱིང་བ་ཟོས་འདུག སང་ནང་པར་ཙམ་ན། བོན་པོའི་ཕྱིང་བ་སྟོར་ནས་མེད་པ་དང༌། བུད་མེད་ཀྱིས་ཐོ་ཅོ་བྱས་ནས་ཁྱེར་བསམ་པས། བཙུན་མོ་ངའི་ཕྱིང་བ་འདི་མལ་དུ་ཞོག་སྐད། ཚེ་སྤུངས་ཟ་རྒྱལ་མོའི་ཞལ་ན་རེ། ངས་ནི་ཁྱེད་ཀྱི་ཕྱིང་བ་ག་ལ་ཁྱེར། ད་མཐུ་ཡོད་ན་བྲུབ་འཚལ་སྐད། དེ་སྐད་ཟེར་བ་དང༌། དེར་བོན་པོ་ཡིས་ཞག་གཅིག་ལ་དམོས་ཏེ་གྲུབ་པ་ལ། ནང་བར་རྒྱལ་མོ་ཡི་དྲིས་ནས། དེ་ལ་བྷེ་ཤོད་ཁྲམ་གྱི་ཞལ་ན་རེ། ང་ཡི་གོས་ཁྱེར་མི་དེ་མི་མ་རེད། སྤུ་ལོང་ངེ་བ་ར་ཅོ་ཟེད་ངེ་བ་འདུག་པ་གཅིག་ཐལ་ལོ་སྐད། དེ་ཙམ་ན་རྒྱལ་མོ་ལྷས་སུ་བལྟ་སོང་ནས། མཛོ་མོ་སྤུ་ཟན་མ་ཁམ་ལོག་གེ་ཤི་ཟིན་པས། དེར་མཛོ་མོ་བཤས་པའི་ཁོང་བ་རུ། བོན་པོའི་ཕྱིང་བ་བྱུང་ནས་གདའ། དེ་ནས་རྒྱལ་མོས་བོན་པོ་ལ་མཐུ་ཡོད་པར་ཤེས་པས། རྒྱལ་མོ་ཡིས་མནའ་བྱས་ནས། བཙད་པོ་རྗེ་བྲུབ་པར་ཞུས་པ་ལ་བྷེ་ཤོད་ཁྲམ་ན་རེ། བྲུབ་པ་བདེན་ན་རྗེའི་མནབས་བཟའ་དྲི་མ་ཅན་དང༌། ཁྱི་དཀར་སྣ་དམར་ཅིག་འཚལ་ལོ་སྐད། དེར་རྒྱལ་མོའི་བུ་འབྲིང་བ་མུ་དུག་བཙད་པོ་དེ། རྗེའི་གོས་དང་ཁྱི་ལེན་བཏང་བ་ལ། སྒོ་ནས་ཡར་བོས་ཀྱང་ཕོ་བོ་ཡི་སྒོ་ཕྱེ་མ་ཉན་ཏེ། ཁོ་རང་ཕ་བུ་གཉིས་ཤོ་བཀྱེས་པ་ལ༑ ཤོ་སྐད་ཀྱི་མ་ཚོར་ནས་སྒོ་རུ་ཕྱིར་མ་བལྟས། མུ་ནེ་བཙད་པོ་ཡིད་ཆད་ནས་འདུག་པར་སྣང་། ཕྱི་འཕྲེད་བཟོད་ཙམ་ན། ཕ་ཡིས་བུ་གྲགས་པ་ཚོར་ནས་ནི། སྒོ་ནས་གྲགས་པ་དེ་མུ་དུག་བཙད་པོ་ཡིན་པ་འདྲ། སྒོ་ཕྱེ་སོང་ཟེར་བ་དང༌། མུ་ནེ་རིང་པོ་སྒོ་ཕྱེ་སོང་བ་ལ། ནུ་བོ་ཚིག་པ་ཟོས་ནས་ཕོ་བོ་[ཕུ་བོ]རལ་གྲིས་གཏུབ་ནས་བསད། དེ་སླད་ཁྱིམ་ནས་ཡང་བྱུང་ཙམ་ན། རྗེ་ཡིས་ཕར་བལྟས་པ་ལ། རལ་གྲི་ཁྲག་ཅན་དེ་དམར་ལྷང་ངེ་མཐོང་བ་དང༌། ཕོ་བོ་[ཕུ་བོ]གར་ཐལ་བྱས་པ་ལ། མུ་དུག་བཙད་པོ་ན་རེ། མུ་ནེ་རིང་པོ་ནི་ཐག་རིང་པོ་གཅིག་ན་ཐལ་ཟིན་སྐད། དེར་རྗེ་ཡང་སྐྲག་ཆེས་པས། འོ་ན་ཁྱོད་ཅི་འདོད་སྐད་པ་དང་། ཕའི་ན་བཟའ་དང་ཁྱི་འདི་ལེན་དུ་འོང་ངོ་སྐད། དེར་རྗེའི་ཐུགས་ལ་ས་ལེ་གསལ་ཀྱང༌། མ་བསྐུར་བུ་ལ་མ་ཕོད་ནས། ཁྱི་དང་གོས་གཉིས་ཁྱེར་ནས་སོང་[བསྐུར་ནས་འོང་]། དེ་ལ་བོན་པོས་འཛབ་སྟན་བྱས། བཙད་པོ་ལིང་ཆེན་དེ་དུས་བསྐོར། དེ་རྗེ་ཡང་བསྙུང་གིས་ཟིན་ནས་འདུག རྗེ་ཡིས་བོན་ལ་འཕྲིན་བསྐུར་ནས། ང་ལ་སྔགས་མདའ་མ་ཐལ་ན། བོན་བཀའ་ལ་བཏག་ཅིང་ཆོས་སྤང་ཟེར། དེར་བོན་པོ་བྷེ་ཤོད་ཁྲམ་ཞལ་ན་རེ། དེ་རྗེའི་བུ་སྨད་ཀྱིས་བཅོལ་བའི་སྔགས་མདའ་ཡང་ཐལ་ཟིན་ཟེར། ཆོས་ལ་ཐུགས་རྗེ་ཡོད་ན་སྐྱབས་མཛོད་སྐད། རྗེ་ཡིས་པད་མ་འབྱུང་གནས་ལ་ཞུས་ཀྱང་མ་སྐྱབས་སོ།” སོགས་གསལ།
(གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ལས།) “ ཁྲི་སྲོང་སྡེ་བཙན་གྱིས། སྐུ་ཚེའི་སྟོད་ལ་བོན་ཁོ་ནར་སྤྱོད། སྐུ་གཤེན་སྤེ་ནེ་གུ། བྷེ་ཤོད་ཁྲམ་ཆེན་མོ། བློན་པོ་མགར་སྟོང་’ཙལ་’ “བཙན་” ཡུལ་བཟང་། འོ་མ་སེ་སྣ་ནམ། ཞང་མ་ཞང་ཁྲོམ་པ་སྐྱེས། སྦས་ཁྲི་བཟང་སྟོང་ཡོད། ངམ་སྟག་ར་ཀླུ་གོང་། འགོས་ཁྲི་བཟང་ཡབ་ལྷག་ལ་སོགས་ཡོད་དོ། ” ཞེས་དང་།
ཡང་གོང་གསལ་ནས། “བོན་ལ་བརྣག་པའི་བློན་པོ་རྣམས་ཀྱིས་ན་རེ། བོན་ཐམས་ཅད་བསོག་ལ་ཁྲིམས་འོག་ཏུ་བཅུག་ནས་བན་དྷེ་བྱེད་དམ། ཡང་ན་མི་ཉན་ན་ཆབ་གསོལ་ལོ་བཟློག་ཟེར། དེ་ལྟར་བཀའ་བགྲོས་པ་པ་ལ། གཤེན་པོ་མཐུ་བོ་ཆེ་མི་དགུ་དང་། མཐའ་བཞི་བོན་ཆུང་དང་། སྤེ་ནེ་གུ་དང་བྷེ་ཤོད་ཁྲམ། དྲན་པ་ལ་སོགས་ཀྱི་ཐུགས་ལ་རྒྱལ་པོས་ཅི་གསུང་ཤར་ཏེ། གྲུབ་པ་ཐོབ་པ་ཕལ་ཆེར་ནམ་མཁའ་ལ་འཕུར་ནས་གཤེགས་སོ། ལ་ལ་ནི་གཡའ་རི་དང་གངས་བྲག་ལ་བྱོན་ནོ། །” ཞེས་སོགས་དང་།
ཡང་དེ་ཉིད་ལས། “དེ་ནས་བོན་རྣམས་གཏེར་དུ་སྦས། གཤེན་པོ་གཞན་དུ་བཞུགས་པ་རྣམས་ཀྱང་ལ་ལ་མེ་གྲུབ། ལ་ལ་ཆུ་དང་རླུང་གྲུབ། ལ་ལ་དམུ་ཡད་རང་རྡོལ་གྲུབ་ནས་སྔར་བས་བདེ་སྐྱིད་དང་ལྡན་པར་བཞུགས་སོ། སྤེ་ནེ་གུ་དང་བྷེ་ཤོད་ཁྲམ་དང་། པར་བུ་བསྭེ་ཤོད་དང་། སུམ་པ་མུ་ཁྲ་འཛིན་དང་བཞི་ནི། རྒྱལ་པོ་ལ་ཐུགས་ལོག་སྟེ་བསེའི་གདན་ཀར་དང་རྔ་གཤང་གྲུ་ནང་བཅུག་སྟེ། ཡར་ཆབ་ཀྱི་གཞུང་ལ་བསྐྱོན་ཏེ། སྣང་སྲིད་ཀྱི་ལྷ་ཀླུ་ལ་བོས་ནས་ཡར་ཆབ་ཁྱོད་གྱེན་ལ་ལོགས་ཤིག རྗེའི་མགུར་ལྷ་ཞལ་སྒྱུར་ཅིག བོད་ཡུལ་དུ་ཆོ་འཕྲུལ་སྣ་ཚོགས་ཤོག་ཅིག ཟེར་ནས་བོན་པོ་བཞི་པོ་ནམ་མཁའ་ལ་འཕུར་ནས་ཐལ་ལོ། ཡུལ་གཡའ་གོང་གི་གྱིམ་བུར་བབས་ནས་བདེ་སྐྱིད་ལྡན་པར་བཞུགས་སོ།།” ཞེས་གོང་དུ་སྲིད་རྒྱུད་དུ་གསལ་བ་དང་མཚུངས།
(ཡང་གླེང་གཞི་བསྟན་པའི་བྱུང་ཁུངས་ལས།) “ དེ་ནས་ཁྲི་ལྡེ་གཡུ་བརྟན་དང་། ཁྲི་དར་མ་འོད་སྲུང་གཉིས་ཀྱི་རིང་ལ། སོ་ཁྲི་ཐོག་རྒྱལ་བ་དང་། ཉང་བོན་རྡོ་རྗེ་མཁར་དང་། གཡག་རྒོད་མེ་མཙན་དང་། སྦེ་ཤོད་ཀྲམ་དང་བཞིས་སྐུ་སྲུང་། ཞེས་པ་ནས། བྷེ་ཤོད་ཀྲམ་གྱིས་སྦ་ཁུག་ལ་བསྒྱུར་བས། གནམ་ཐེལ་དཀར་པོ་ནི་སྐེ་ནས་བཟུང་ནས་མྱ་སྐད་ཙེ་རེ་རེ་འདོན་པ་རྣམས་བྱས།” ཞེས་སོགས་གང་ལྟར་བྷེ་ཤོད་ཁྲམ་ཆེན་མོ་ནི་མཐུ་ནུས་དྲག་རྩལ་དང་ལྡན་པ་ཞིག་ཡིན་པར་གསལ།
ཡང་དེ་ཉིད་ལས། བྷེ་ཤོད་ཁྲམ་ཆེན་མོ་ནི་བོན་གཤེན་མཁས་པ་ཉི་ཤུའི་ནང་མཚན་ཞིག་ཡིན་པར་གསུངས་ཡོད། དེའང་ “ མཁས་པ་ཉི་ཤུ་ངོས་འཛིན་གང་ཞེ་ན། ཁྱུང་པོ་སྟག་སྒྲ་དོན་གཙུག བྷེ་ཤོད་ཀྲམ་ཆེན་པོ། གུ་རིབ་བཙན་དོ་མི་སེར། ཕུ་ལུ་གྲུ་འཛིན་ཆེན་པོ། ལྡེ་གྱིམ་ཐང་རྨའོ། སྙ་ལི་ཤུ་སྟག་རིང་། སུམ་པ་མུ་ཕྱ་ཆེན་པོ་བདུན་ནི། སྟག་གཟིག་གི་མཁས་པའོ། གྷ་ཧས་པོ་དུག་འདུལ། ཕྱྭ་སྟག་སྒྲ་གྱེར་ཤག བ་གོར་དོད་དེ་རྒྱལ་བ། འཇང་ཚ་འཕན་སྣང་། གནུབ་མ་གཉེ་བཙན་དང་ལྡ་ནི་རྒྱ་གར་མཁས་པའོ། ཕྱི་སོགས་མོན་སར། མགར་ལྷ་བཞེར་མཆེས་པ། སྐུ་གཤེན་གྱིམ་ཐང་རྨའོ། གཤེན་དྲན་པ་ནམ་མཁའི་དང་བཞི་ནི་ཞང་ཞུང་གི་མཁས་པའོ། བོན་བློན་གསལ་ཆེན། ལྕགས་ཁྲི་ཟུར་སྡོད་ལོད། མང་པོས་ཁྲར་རོང་རྒྱལ་པོ་གསུམ་བོད་ཀྱི་མཁས་པའོ། མཁའ་འགྲོ་ཅོ་ཟ་བོན་མི་དང་ཉི་ཤུའོ། །” ཞེས་དང་།
དེ་དང་ཆ་འདྲ་བར་(བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་)ལས་ཀྱང་། “ མཁས་པ་ཉི་ཤུ་ནི། གནུབས་བོན་དྲན་པ་ནམ་མཁའ། ཁྱུང་པོ་སྟག་སྒྲ་དོན་གཙུག སྙ་ཆེན་ལི་ཤུ་སྟག་རིང་། གུ་རིབ་བཙན་དོར་མི་སར། ཕུ་ལུ་གྲུ་འཛིན། བྷེ་བོན་ཤོད་ཏྲཾ། གྱིམ་ཐང་རྨ་བོ། སུམ་པ་མུ་ཕྱྭ། ཧས་པོ་དུག་འདུལ། ཕྱྭ་བོན་སྟག་ར་གྱེར་ཤག བ་གོར་དོད་དེ་རྒྱལ་བ། བླ་ཆེན་ལྗང་ཚ་འཕེན་སྣང་། གནུབས་ཀྱི་མར་གཤེན་བཞི་བཙན། ཁྱིམ་གྱི་ག་ར་མོན་པར། མགར་གྱི་ལྷ་གཤེན་འཕྱེས་པ། སྐུའི་གྱིམ་ཐང་རྨའོ། གུང་གི་དཔོན་བློན་གསས་ཆེན། མཆིམས་ཀྱི་ཁྲི་ཟུར་སྟོང་ལོད། མཁའ་འགྲོ་ཅོ་ཟ་བོན་མོ། འགོས་ཀྱི་ཁྲི་སྟོང་རྒྱལ་པོ་དང་ཉི་ཤུའོ། །” ཞེས་གསུངས་ཡོད་ཀྱང་། མཁས་པ་ཉི་ཤུ་དེ་གོང་གི་གླེང་གཞི་བསྟན་པའི་འབྱུང་ཁུངས་ལྟར་མཚན་ཅུང་མི་འདྲ་བ་ཡང་ཐོན་ཡོད། ཡིན་ནའང་རྩ་བའི་གྲངས་འདྲེན་ཚུལ་ནི་མཐུན་པར་སྣང་། གང་ལྟར་བོན་གྱི་ལོ་རྒྱུས་རྣམས་སུ་བྷེ་ཤོད་ཁྲམ་ནི་བོན་གཤེན་རྫུ་འཕྲུལ་མཐུ་སྔགས་ཅན་ཞིག་ཡིན་པ་ལས་ཡིག་མཁན་ཡིན་པའི་ལོ་རྒྱུས་ད་ལྟའི་ཆར་མ་བརྙེད།