བླ་མུ་ཐུར་གྱི་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་བདུན་པ། 17, 2017
ལན་འབུལ་མཁན། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། འབྲོག་ཁ་མང་།
དྲི་བ། བླ་ཆེན་དགོངས་པ་རབ་གསལ་དང་བླ་མུ་ཐུར་སོགས་གང་ཟག་གཅིག་ཡིན་ནམ།
ལན། (རྗེ་ཡི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་)ལས། “ བླ་མུ་ཐུར་དགོངས་པ་རབ་གསལ་ལོ། ཡ་ཟི་བོན་སྟོན་ཡང་ཟེར་རོ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་སོ། ། ” ཞེས་གསུངས་པ་དང་། ཤར་རྫའི་ལེགས་བཤད་མཛོད་དུ་སྲིད་རྒྱུད་ཀྱི་ལུང་དྲངས་པ། “ དམུ་ཙ་ཏྲ་ཧེའི་སྤྲུལ་པ་ནི། །དྲང་སྲོང་ལུས་ལ་མཁྱེན་པ་ཅན། །ཡ་ཟི་བོན་སྟོན་ཞེས་ཀྱང་བྱ། །བར་དུ་མུ་ཐུར་དགོངས་པ་གསལ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་མཚན། །སུམ་སྣང་རྨ་ཡི་བྲག་ལ་འབྱུང༌། ། ” ཞེས་གསུངས་པ་ལྟར། བན་ཕྱོགས་ནས་བླ་ཆེན་དགོངས་པ་རབ་གསལ་ཞེས་མཚན་འབོད་ཆེ་བ་དང་བོན་ཕྱོགས་ནས་བླ་མུ་ཐུར་དགོངས་པ་རབ་གསལ་ཞེས་འབོད་ཆེ་བ་ཡིན་ཀྱང་དོན་དུ་སྐྱེས་བུ་གཅིག་ཡིན་པར་འདོད་དོ། གཤམ་དུ་དེ་སྔོན་བླ་ཆེན་སྐོར་དཔེ་ཆ་ཁག་ཏུ་མཚན་འབོད་སྟངས་མི་འདྲ་བ་བྱུང་བ་ཁག་རྩོམ་ཡིག་ཅིག་ནས་སྟབས་བདེར་ཟུར་འདོན་ཞུས་པ་དེར་གཟིགས།
(སྦ་བཞེད་ཞབས་བཏགས་མ་)ལས། མུན་ཛུ་དགེ་བ་འབར། དགེ་བ་རབ་གསལ།
(རྦ་བཞེད་)ལས། སྐུ་གཤེན་མུ་ཟུ་གསལ་འབར། དགེ་བ་གསལ།
(ལྡེའུ་ཆོས་འབྱུང་)ལས། ཀ་ར་འཕན། དགོངས་པ་གསལ།
(ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་)ལས། མ་ཉྫུ་ཀ་ར་ཕན། མ་ཉྫུ་དགེ་འབར། བླ་ཆེན་དགོངས་པ་གསལ།
(སྲིད་པ་རྒྱུད་ཀྱི་ཁ་བྱང་)ལས། ཡ་ཟི་བོན་སྟོན། མུ་ཏུར་དགོངས་པ་གསལ། ཤེས་རབ་ཚུལ་ཁྲིམས།
(བུ་སྟོན་ཆོས་འབྱུང་)ལས། ས་པ་མུ་གཟུ་གསལ་འབར། དགེ་བ་རབ་གསལ།
(རྒྱལ་རབས་གསལ་བའི་མེ་ལོང་)ལས། རྨ་ཟ་གསལ། ཤཱཀྱ་དགེ་བ་གསལ།
(བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་མེ་)ལས། ཡ་ཟི་བོན་སྟོན། ཤེས་རབ་ཚུལ་ཁྲིམས། མུ་ཐུར་དགེ་བ་གསལ།
(ཆོས་འབྱུང་མཁས་པའི་དགའ་སྟོན་)ལས། མུ་ཟུ་གསལ་འབར། ཤཱཀྱ་དགེ་བ་རབ་གསལ།
(ཤར་རྫའི་ལེགས་བཤད་མཛོད་)ལས། མུ་ཐུར་དགོངས་པ་རབ་གསལ། དགེ་བ་རབ་གསལ།
སོགས་ལོ་རྒྱུས་ཀྱི་དཔེ་ཆ་ཁག་ནས་མཚན་གྱི་རྣམ་གྲངས་མང་ཡང་དོན་དུ་དེ་གཉིས་གང་ཟག་གཅིག་ཡིན་པར་འདོད།