བླ་མའི་མཚན་ཉིད་དང་འབྲེལ་བའི་སྐོར་ལ་དྲི་བ་འགའ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བསྟན་རབ་སོགས།
དྲི་བ། བླ་མའི་མཚན་ཉིད་དང་ངེས་ཚིག་ཇི་ལྟར་ཡིན་ནམ།
དྲི་བ་གཏོང་མཁན། བསྟན་རབ།
ལན། ངོ་བོ་འདྲེན་ཞིང་སྐྱོབས་པ་དང་། །ངེས་ཚིག་སྟོན་ཞིང་འགྲེལ་པ་ཡིན། །ཞེས་རྒྱུད་ཡེ་ཁྲི་ལས་གསུངས་སོ། །
དྲི་བ། སུམ་ལྡན་རྩ་བའི་བླ་མ་ཞེས་པའི་དོན་གང་ཡིན་ནམ།
དྲི་བ་གཏོང་མཁན། གུང་སངས།
ལན། རྒྱུད་ཡེ་ཁྲི་ལས། ཕ་མེས་ནས་རྒྱུད་པའི་སློབ་དཔོན་ནི་ཕ་ལྟར་བསམ། དམ་ཚིག་དབང་གི་སློབ་དཔོན་ནི་མགོ་ལྟར་བཀུར། མན་ངག་ལུང་གི་སློབ་དཔོན་ནི་སྲོག་ལྟར་བཙའ། དེ་གསུམ་གཅིག་ལ་ཚངས་པ་ཡིན་ན་སུམ་ལྡན་རྩ་བའི་བླ་མ་ཡིན། ཞེས་གསུངས་སོ། །
དྲི་བ། སློབ་བུས་བླ་མར་དོན་ལྡན་བཞི་ཡི་རྒྱུད་བསྲང་ནས་བོན་ཉན་ཞེས་པའི་དོན་གང་ཡིན་ནམ།
དྲི་བ་གཏོང་མཁན། མྱི་གངས་དཀར།
ལན། རང་གི་སྲོག་ལའང་མི་ལྟ་བའི་དད་པ། སློབ་དཔོན་མགོ་ལྟར་ཁུར་བའི་མོས་པ། ཁེ་གྲགས་ཚུལ་ཆོས་མེད་པའི་དད་པ། དཀའ་ཐུབ་འཕྲང་ལས་བཤར་བའི་སྤོབས་པ་དང་བཞི་ལྡན་དགོས་སོ། །ཞེས་གསུངས་པ་ལྟར་ཡིན།
དྲི་བ། བླ་མས་སློབ་བུར་འདུ་ཤེས་རྣམ་བཞི་འཛིན་སྟངས་གང་ཡིན་ནམ།
དྲི་བ་གཏོང་མཁན། མཆོག་རྒྱལ།
ལན། བོན་ལུགས་ཀྱི་དཔེ་གཞུང་རྣམས་སུ་མས་བུ་གསོ་བ། རྒྱལ་པོས་རྒྱལ་བུ་ཚུགས་འཛིན། རྫས་ལྡན་པས་སྦྱིན་གཏོང་། རྒྱལ་པོས་སྲས་ལ་དཀོར་འབོག་པ་ལྟ་བུ་ཞིག་དགོས། ཞེས་གསུངས་པ་ལྟར་ཡིན་པར་བསམ། །