བྱིས་པའི་དགེ་བསྔོའི་སྐོར་ལ་དྲི་བ།
དྲི་བ་དྲི་མཁན། བེན་སྒྲོན་མེ། བཀའ་ལན་གནང་མཁན། བླ་མ་ལུང་རིགས་འཁོར་ལོ།
དྲི་བ། བྱིས་པ་ཆུང་ངུ་གྲོངས་སྐབས། ཐོས་གྲོལ་འདོན་དགོན་མིན་དང་། དེ་བཞིན་གསུར་ཟས་བསྔོ་དགོས་མིན། དེ་མིན་མི་ཞིག་བྱེས་སོགས་ཕྱི་ལོག་ལ་གྲོངས་སྐབས། ངོ་སྤྲོད་ཐོས་གྲོལ་སོགས་འདོན་མི་དགོས་ཞེས་དམངས་ཁྲོད་ལ་དེ་འདྲ་ཟེར་འདུག་ཀྱང་གང་ཡིན་གསུངས་རོགས།
ལན། བྱིས་པ་ལའང་ཐོས་གྲོལ་འདོན་དགོས། ཐོས་གྲོལ་ནི་གཙོ་བོ་འབྱུང་བའི་ཐིམ་རིམ་ངོ་སྤྲོད་དང་། ལུས་ལྷ་ངོ་སྤྲོད་དང་། བར་དོའི་འཁྲུལ་སྣང་གི་འཇིགས་པ་ལས་སྐྱོབ་ཕྱིར་གསོལ་བ་འདེབས་པ་སོགས་རེད། བྱིས་པའི་གདོས་བཅས་ཀྱང་ཤ་ཁྲག་ལས་གྲུབ་པ་ཡིན་པས་འབྱུང་བའི་ཐིམ་རིམ་དང་ངོ་སྤྲོད་གསལ་འདེབས་སོགས་ངེས་པར་དུ་དགོས། དེ་བཞིན་རྣམ་ཤེས་འོད་ལུས་ཡོད་ཙང་ཟས་ལ་སྲེད་པ་ཡོད། དེ་ཡོད་པས་དྲི་གསུར་དགོས། བྱིས་པ་ཡང་ཕ་མའི་ཤ་ཁྲག་ལས་བསྐྱེད་ཅིང་། རྣམ་ཤེས་ཡོད་པ་ཞིག་ཡིན་པས་ཕ་མ་སྤུན་མཆེད་ལ་ལས་ཀྱི་འབྲེལ་བ་ཡོད། དེ་ཡོད་པས་གསོན་པོ་ཚོས་དགེ་བ་བྱེད་དགོས། བྱིས་པའང་མ་ལག་ཆ་ཚང་བའི་བླ་ཡིད་སེམས་གསུམ་མི་ཆེ་དང་མི་འདྲ་བ་མེད་པར་མངོན། དེ་འདྲ་ཡིན་དུས་བྱིས་པ་ལའང་སྐྱེ་བ་སྔ་ཕྱིའི་བུ་ལོན་ལན་ཆགས་འཇལ་བ་དང་། ཟ་འདྲེ་ཤི་གཤེད་ཕྲལ་བ། ངན་སོང་གནས་འདྲེན་སོགས་དགོས་ངེས་ཡིན། དེ་ལྟར་ན་ཆོས་ཆེན་རྣམ་བཞིའམ་གཤིན་དགེ་ཆེ་བཞི་སོགས་ངེས་པར་དུ་དགོས།
གཞན་ཕྱོགས་སུ་མཁན་སློབ་གཉིས་ཀྱིས་མི་ཤི་ན་འབུམ་ཀློག་པ་དང་། བསྔོ་བ་ཙམ་ལས་ཤི་དགེ་མི་དགོས་པར་བསྟན་པ་ལས། དེང་དུས་ཀྱང་ཡུལ་འགའ་ཤས་སུ་བྱིས་པ་ཤི་བ་ལ་འབུམ་ཀློག་པ་ལས་འདུར་དང་གནས་འདྲེན་སོགས་མི་དགོས་ཟེར་སྲོལ་འདུག
བོན་ཕྱོགས་སུའང་བྱིས་པ་ཤི་སྒབ་མ་ཆོད་པའི་ཆུང་སྲི་ལ་ཁམས་ཆེན་རྒྱས་པ་ཀློག་ན་ཤི་སྒབ་ཆོད་པར་བཤད་སྲོལ་ཡོད་ལ། བྱིས་པ་སྐྱེ་དུས་ནས་དབུགས་མེད་ན། རྣེལ་གྲི་ཤོར་བ། ཞེས་གྲི་འདུར་བཅའ་དགོས་པའི་ལུགས་སོགས་ཡོད་པ་རེད།
དེ་མིན་མི་རྒན་དར་གཞོན་བྱིས་གང་འདྲ་ཞིག་གཞི་བྱེས་གང་ལ་ཤི་ནའང་། རབ་ཞེ་དགུ་དང་། འབྲིང་བདུན་གཅིག་ཐ་མ་ཞག་གསུམ་དྲོས་བཞི་ལ་ཐོས་གྲོལ་འདོན་དགོས་པར། རང་རེའི་བླ་མ་མང་པོས་གསུངས་ཡོད་པ་རེད།
ཡང་དྲི། བྱེས་སོགས་ལ་ཤི་ན་ཕུང་པོ་དེ་སྔོན་མ་རྟ་ཁར་དང་། དེང་སྐབས་འཕྲུལ་ཆས་སོགས་ལ་འགེལ་དགོས་པས། ངོ་སྤྲོད་དང་ཐོས་གྲོལ་མ་བཏོན་ན། མི་གསོན་པོའི་ཚུལ་འདུག་པས། གཞི་བདག་སོགས་ལ་ཕོག་ཐུག་མི་འགྲོ་བར་བཤད་སྲོལ་འདུག་པས། དེ་ཚོ་གང་འདྲ་རེད་དམ།
ཡང་ལན། གཞི་བདག་གམ། ས་བདག་ལ་ཕོག་ཕུག་འགྲོ་མིན་ལོ་དང་སྤར་སྨེ་ལ་རག་ལས་པ་ལས། ངོ་སྤྲོད་དང་ཐོས་གྲོལ་ལ་འབྲེལ་བ་གང་ཡང་མེད། ངོ་སྤྲོད་དང་ཐོས་གྲོལ་མ་བཏོན་པ་ཙམ་གྱིས་ཤི་བོའི་ཚུལ་དུ་ག་ལ་འགྱུར། སྤྱིར་རྒན་དར་གཞོན་བྱིས་སུ་ཡང་རུང་བ། བྱེས་སུ་རི་ཁར་ཤི་ནས་ཕུང་པོ་ནང་དུ་ཁུར་བར་སྐར་མ་བལྟ་མི་དགོས་པར་བཤད་སྲོལ་དང་། ཡང་ན་ཕུང་པོ་བདག་པོས་གཏན་འཁེལ་བའི་གནས་སུ་བཞག་སྟེ། དུར་འདེབས་ཀྱི་རྩིས་མ་བྱས་བར་ས་བདག་སོགས་ལ་ཕོག་ཐུག་མི་འགྲོ་བར་བཤད་སྲོལ་གདའ། བོན་གྱི་གཞུང་ཆེན་ཁག་གི་སྣ་སྣེ་ཟར་ཟུར་དང་། གཤིན་རྩིས། བྱང་ཁྲིད། འཕོ་ཁྲིད། བླ་མས་ཞལ་རྒྱུན་སོགས་ལས། མི་རྒན་དར་གཞོན་བྱིས་གང་ཡང་གཞི་བྱེས་གང་ལ་ཤི་ན་ཡང་། ཤི་ནས་ལུས་དྲོད་མ་ཡལ་བའི་གོང་དུ་ངོ་སྤྲོད་ན་འཕྲོད་པའི་དུས་དང་། འཕོ་བ་བཏབ་ན་འཕོ་བ་ཐེབས་པའི་དུས་ཡིན་པར་གསུངས་པས། རབ་ནི་ཤི་ཕོ་དེ་ལུས་དྲོད་མ་ཡལ་བའི་གོང་དུ། ངོ་སྤྲོད་དང་འཕོ་བ་ངེས་པར་དུ་དགོས།
ཡང་ན་ཞག་གསུམ་དྲོས་བཞི་ཉིན་ཡང་། ཚེ་འདས་རིག་པ་གསལ་དུ་འོང་བས་དེ་དུས་ཀྱང་ངོ་སྤྲོད་ན་འཕྲོད་པའི་དུས་དང་། འཕོ་བ་བཏབས་ན་ཐེབས་པའི་དུས་ཡིན་པར་གསུངས་པས་དེ་ལུགས་ངོ་སྤྲོད་དང་འཕོ་བ་ཞུ་དགོས། དེ་བཞིན་ཞག་གསུམ་དྲོས་བཞི་ནས། ཞེ་དགུ་བར་ངོ་སྤྲོད་དང་འཕོ་བ་བྱས་ནའང་ལེགས་ཚུལ་གསུངས་སོ། །
གཞན་ཤི་བ་འདྲེ་རུ་གྱུར་དོན་ནི། ཤི་ཁར་སེམས་ཆགས་ཡིད་ལུས་ཆེ་དྲག་པའམ། ཡང་ན་ཤི་ངོ་མ་ཤེས་པའི་དབང་གིས་ཡུལ་ས་དང་རྒྱལ་འགོང་གིས་རྣམ་ཤེས་ཁྲིད་འགྲོ་བ་དང་། དེ་ནས་གཤེད་འདུར་ལེགས་པོ་མ་བྱུང་ན། ཤི་འདྲེ་དེས་ཡུལ་ལུང་དང་ཁྱིམ་ཚང་ལ་གནོད་པ་བྱེད་ནས་འདུག་མི་བདེ་བར་གསུངས་པས། མི་ཤི་བ་ལ་བར་དོ་ངོ་སྤྲོད་དང་འཕོ་བ་ཐོས་གྲོལ་སོགས་ག་ཚད་སྔ་ན་དེ་ཚད་ལེགས་པར་མངོན་མོད། དེང་དུས་བོན་གཞུང་དང་རྩིས་རིགས། བྱང་ཁྲིད་འཕོ་ཁྲིད་སོགས་ལ། རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པར། འདས་ལོག་ཡིན་ཟེར་བ་དང་། གྲུབ་ཐོབ་ཡིན་ཟེར་བ། མངོན་མཁྱེན་ཡོད་ཟེར་བ། མོ་པ་ཡིན་ཟེར་བ། ལྷ་པ་ཡིན་ཟེར་བ། ཡུལ་སའི་བུ་ཡིན་ཟེར་བ་སོགས་རྫུན་མ་མང་བ་མ་ཟད། རྫུན་གཏམ་བཤད་ནས་མི་མགོ་བསྐོར་མཁན་མང་བས་དེ་ཚོས་རང་སྣང་གང་དྲན་གྱིས་མི་བཤད་རྒུ་བཤད་བྱེད་པ་ལ་དེ་ཙམ་ཡིན་ཆེས་བྱ་རྒྱུ་མེད།།