བྱམས་མའི་སྙིང་ཐིག་ལས་དྲི་བ་འགའ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཨར་ལྟ་བླ་མ།
དྲི་བ། མཁའ་འགྲོ་ཤེས་རབ་བློ་འཕེལ་གྱི་སྙན་བརྒྱུད་བྱམས་མའི་སྙིང་ཐིག་ལས། “ལྗགས་ཀྱི་ཡེ་ལས་སྤྲུལ་སྐུ་རྣམ་གཉིས། ། ”ཞེས་དང་། “ སྙན་གཉིས་འདུ་འདུ་རྫོགས་སྐུ་རྣམ་གཉིས། ། ” ཞེས་པ་དང་། “ སྤྱན་གཉིས་སྭཧཱ་བོན་སྐུ་རྣམ་གཉིས། ། ” ཞེས་གསུངས་པའི་སྤྲུལ་སྐུ་རྣམ་གཉིས་དང་། རྫོགས་སྐུ་རྣམ་གཉིས། བོན་སྐུ་རྣམ་གཉིས་གང་ཡིན་ནམ།
ལན། མཁའ་འགྲོ་ཤེས་རབ་བློ་འཕེལ་གྱི་སྙན་བརྒྱུད་བྱམས་མའི་སྙིང་ཐིག་ལས། “ལྗགས་ཀྱི་ཡེ་ལས་སྤྲུལ་སྐུ་རྣམ་གཉིས། །” ཞེས་པ་ནི། སྤྱིར་བྱམས་མ་ཆེན་མོའི་སྔགས་བསྟོད་ཀྱི་སྐབས་སུ་གཞུང་འདི་ཉིད་འབུམ་དང་གཟུངས། མདོ་གསུམ་གྱི་དབང་དུ་འཆད་ཡོད་པའི་སྐབས་འདི་ནི་འབུམ་གྱི་དབང་དུ་ཡིན་ལ། དེའང་བྱམས་མ་ཆེན་མོའི་སྔགས་བསྟོད་ལས། “མ་ཅིག་སྤུལ་སྐུའི་ལམ་འབྲས་ཉིད་ནི། །” ཞེས་དང་། “ ཧི་ནི་སྤྲུལ་སྐུ་རིག་པའི་ཁམས་ཉིད།” ཅེས་པའི་སྐབས་སུ། ༸༽ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་ (ཀུན་སྐྱོབས་བྱམས་མ་སྔགས་བསྟོད་ཀྱི་ཚིག་དོན་མདོ་ཙམ་བསྟན་པའི་སྡུད་འགྲེལ་ཐར་ལམ་ཐེམ་སྐས) ཀྱི་གཞུང་བབས་ལ་དཔྱད་ན། དེ་ཉིད་ལས། མ་ཡི་ས་བོན་ནི། འབུམ་ལྟར་ན། ཀུན་གྱི་མ་གཅིག་སོ་སོར་གསལ་བའི་ཁམས་སྤྲུལ་སྐུའི་ལམ་གྱི་འབྲས་བུར་བསྟན་པའི་ཡུམ་ཉིད། ” ཅེས་པས་སོ་སོར་གསལ་བའི་ཁམས་ཀྱི་སྤྲུལ་སྐུ་དང་། ཡང་དེ་ཉིད་ལས། “ཧི་ཡི་ས་བོན་ནི། འབུམ་ལྟར་ན། སྤྲུལ་པའི་སྐུ་རང་རིག་པའི་ཁམས་ཉིད་དུ་བསྟན་པའི་ཡུམ་མོ། ” ཞེས་པས་རང་རིག་པའི་ཁམས་ཀྱི་སྤྲུལ་སྐུ་སྟེ་ “ སྤྲུལ་སྐུ་རྣམ་གཉིས་ ” ཞེས་གསུངས་པ་ཡིན།
ཡང་བྱམས་མའི་སྙིང་ཐིག་ལས། “།སྙན་གཉིས་འདུ་འདུ་རྫོགས་སྐུ་རྣམ་གཉིས། །” ཞེས་པ་ནི། བྱམས་མ་ཆེན་མོའི་སྔགས་བསྟོད་ལས། “མ་མཆོག་ཚད་མེད་རྫོགས་སྐུ་ཆེན་མོ། །” ཞེས་དང་། “དེ་དོན་རྫོགས་སྐུ་རྟོགས་པའི་ཡེ་ཤེས། །” ཞེས་པའི་སྐབས་སུ། གོང་ལྟར་འགྲེལ་ལས། “འབུམ་ལྟར་ན། མ་མཆོག་སྣང་བའི་ཁམས་ཚད་མེད་བཞི་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཡུམ་ཆེན་མོ། ”ཞེས་པས་སྣང་ཁམས་ཀྱི་རྫོགས་སྐུ་དང་། ཡང་དེ་ཉིད་ལས། “དེ་ཡི་ས་བོན་ནི། འབུམ་ལྟར་ན། སྟོང་པ་ཉིད་ཀྱི་ཁམས་དོན་དམ་མཚན་མ་དངོས་པོ་མེད་པར་རྫོགས་སྐུར་རྟོགས་པའི་ཡེ་ཤེས་སུ་བསྟན་པའི་ཡུམ་མོ།” ཞེས་པས་སྟོང་ཁམས་ཀྱི་རྫོགས་སྐུ་སྟེ་“ རྫོགས་སྐུ་རྣམ་གཉིས་” ཞེས་གསུངས་པ་ཡིན།
ཡང་བྱམས་མའི་སྙིང་ཐིག་ལས། “སྤྱན་གཉིས་སྭཧཱ་བོན་སྐུ་རྣམ་གཉིས། །” ཞེས་པ་ནི། སྔགས་བསྟོད་ལས། “མ་ནི་སྐྱེ་མེད་གདོད་དག་བོན་སྐུ། །” ཞེས་དང་། “བ་ནི་འགག་མེད་བོན་སྐུའི་རྩལ་མཆོག །” ཅེས་པའི་སྐབས་སུ། འགྲེལ་ལས། “མ་ནི་འབུམ་ལྟར་ན། སྐྱེ་མེད་གདོད་དག་སྲིད་ཁམས་བོན་སྐུར་བསྟན་པའི་ཡུམ་དང༌།” ཞེས་པས་སྲིད་ཁམས་བོན་སྐུ་དང་། ཡང་དེ་ཉིད་ལས། “བ་ཡི་ས་བོན་ནི། འབུམ་ལྟར་ན་འགག་མེད་རིན་པོ་ཆེ་རྒྱུན་ཁམས་ཀྱི་ཡུམ་བོན་སྐུའི་རྩལ་ལས་ཡེ་ཤེས་སུ་ཤར་བའི་ཡུམ་མཆོག” ཅེས་པས་རྒྱུན་ཁམས་ཀྱི་བོན་སྐུ་སྟེ་ “བོན་སྐུ་རྣམ་གཉིས་” ཞེས་གསུངས་པ་ཡིན།
དེ་བཞིན་ཡང་བྱམས་མའི་སྙིང་ཐིག་ལས། “ཤངས་ཀྱི་ཏ་ལ་ངོ་བོ་གཉིས་སྐུ། (གུས་པར་ཡོད་པའི་དཔེ་ཆ་བྲིས་མ་ཞིག་ནང་། ཤངས་ཀྱི་ཏ་ལ་ངོ་བོ་སྐུ་གཉིས། གསུངས་འདུག) །ཞེས་པ་ནི། སྔགས་བསྟོད་ལས། “མོ་ནི་གཡོ་མེད་ངོ་བོ་ཉིད་སྐུ། ། ”ཞེས་དང་། “ཧ་ནི་ངོ་བོ་ཉིད་ཀྱི་ཆེ་བ། །” ཞེས་པའི་སྐབས་སུ། འགྲེལ་ལས། “མོ་ཡི་ས་བོན་ནི། འབུམ་ལྟར་ན། གཡུང་དྲུང་དབྱིངས་ཁམས་གཡོ་མེད་ངོ་བོ་ཉིད་ཀྱི་སྐུ་རུ་བསྟན་པའི་ཡུམ་མོ།” ཞེས་པས་དབྱིངས་ཁམས་ཀྱི་ངོ་བོ་ཉིད་སྐུ་དང་། ཡང་དེ་ཉིད་ལས། “ཧ་ནི་འབུམ་ལྟར་ན། མཉམ་པ་ཉིད་ཀྱི་ཁམས་ངོ་བོ་ཉིད་སྐུ་ཆེ་བའི་ངང་ཉིད་དུ་བསྟན་པའི་ཡུམ་མོ།” ཞེས་པས་མཉམ་ཁམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ་ “ངོ་བོ་སྐུ་གཉིས་” ཞེས་གསུངས་སོ།། །།